རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲིན་ཅན་པང་གིས་ཟླ11པའི་ཚེས22ཉིན་ནས་ཚེས25ཉིན་བར་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨིར་ལན་དུ་འཚམས་འདྲི་བྱས།
འཚམས་འདྲི་བྱེད་སྐབས་ཀྲིན་ཅན་པང་གིས་ཨིར་ལན་གྱི་གྲོས་ཞུགས་ཁང་གི་གྲོས་དཔོན་པུའུ་ཏིས་མའོ་དང་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཁང་ནོའུ་ལེ་གཉིས་དང་གྲོས་མོལ་བྱས་པར་མ་ཟད། ཅི་ཨར་ཏའོ་ཨར་རྫོང་དུ་འཚམས་འདྲི་ལྟ་སྐོར་བྱས།
ཀྲིན་ཅན་པང་གིས་བསྟན་དོན། ཀྲུང་གོ་དང་ཨིར་ལན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་ལྷག་འགོར་བའི་ཚུན་ལ། མཛའ་མཐུན་མཉམ་གནས་དང་མཉམ་ལས་གཉིས་རྒྱལ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། འགྱུར་ལྡོག་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་འོག ཀྲུང་གོ་དང་ཨིར་ལན་གྱིས་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་བཏང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱས་ཏེ། བསྟུད་མར་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། གཞི་གྲངས་ཅན་གྱི་དཔལ་འབྱོར་དང་སྐྱེ་དངོས་སྨན་རྫས། ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ནས། མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་པ་དང་། ལག་རྡང་སྦྲེལ་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨིར་ལན་གྱི་གྲོས་ཁང་བར་གྱི་རིམ་པ་སོ་སོའི་འབྲེལ་འདྲིས་སྲུང་འཛིན་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་དཔེར་ལེན་བྱེད་པར་ཤུགས་བསྣན་ནས། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།
ཨིར་ལན་ཕྱོགས་ཀྱིས་བསྟན་དོན། ཨིར་ལན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུ་འཁྱོངས་བྱས་ཤིང་། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་ལ། ཀྲུང་གོའི་བར་གྱི་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད། སང་ལོ་ནི་ཨིར་ལན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བའི་ལོ་ཡིན་པ་དང་། ཨིར་ལན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་མཐུན་འགྲོ་འོང་སྲུང་འཛིན་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཨིར་ལན་དང་ཀྲུང་གོའི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།