མཱ་ཏཱ་ཀ་སི་ཁཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་ལཱ་ཆའོ་ལེ་ནཱ་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།
2023.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

མཱ་ཏཱ་ཀ་སི་ཁཱའི་རྒྱལ་ཁབ་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་ལྔ་ཉིན་རྒྱལ་ཁབ་དེའི་ཚེས་བཅུ་དྲུག་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཐོག་མའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། སྔོན་ཆད་ཀྱི་ཙུང་ཐུང་ལཱ་ཆའོ་ལེ་ནཱ་ལ་ཕྱེད་གྲངས་ལས་བརྒལ་བའི་འདེམ་ཤོག་ཐོབ་ནས། སྐབས་འདིའི་ཙུང་ཐུང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།

འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཐཱ་ནཱ་ནཱ་ལེ་ཧྥོ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། ཚེས་བཅུ་དྲུག་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ལཱ་ཆའོ་ལེ་ནཱ་ལ་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་དགུ་ལྔའི་འདེམ་ཤོག་ཐོབ་པ་དང་། འདེམ་ཤོག་ཐོབ་ཚད་ཨང་གཉིས་པ་དང་ཨང་གསུམ་པའི་འདེམ་སྒུག་པ་ལན་ཏི་ལི་ཡཱ་ནཱ་སོ་ལོ་ནེ་ཡཱ་ཁི་དང་སྔོན་ཆད་ཀྱི་ཙུང་ཐུང་ལཱ་ཝ་ལུའུ་མཱ་ནཱ་ནཱ་ཡིས་སོ་སོར་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་བཞི་དང་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཅིག་གི་འདེམ་ཤོག་ཐོབ་ཡོད།

ལཱ་ཆའོ་ལེ་ནཱ་ཡིས་རྒྱལ་ས་ཐཱ་ནཱ་ནཱ་ལེ་ཧྥོ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་བར་བརྒལ་སྲིད་གཞུང་གི་ཙུང་ཐུང་གི་འགན་ཁུར་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ། ལཱ་ཆའོ་ལེ་ནཱ་ལ་ལོ་དེའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོར་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་ཡིན་ལ། ད་ལོའི་ཟླ་དགུ་བའི་བར་ལས་སྐྱུར་དགོངས་ཞུ་བྱས་པ་རེད།

མཱ་ཏཱ་ཀ་སི་ཁཱའི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པ་ལྟར་ན། ཙུང་ཐུང་འདེམ་བསྐོའི་ཐོག་མའི་མཇུག་འབྲས་ཁྱབ་བསྒྲགས་བྱས་རྗེས། མཱ་ཏཱ་ཀ་སི་ཁཱའི་མཐོ་རིམ་རྩ་ཁྲིམས་ཁྲིམས་ཁང་གིས་ཉིན་དགུའི་ནང་ཐོག་མའི་མཇུག་འབྲས་ནུས་ལྡན་ཡིན་མིན་བརྡར་གཅོད་བྱེད་དགོས་པར་མ་ཟད། ཆེས་མཇུག་མཐའི་མཇུག་འབྲས་ཁྱབ་སྒྲོག་བྱེད་དགོས་པ་རེད།

འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་ལྔ་ཉིན་སྤེལ་བའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཐེངས་འདིའི་འདེམ་བསྐོ་ལ་བསྡོམས་པས་འདེམ་དམངས་ས་ཡ་ལྔ་ལྷག་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་ཡོད་པ་དང་། འདེམ་ཤོག་འཕངས་ཚད་བརྒྱ་ཆའི་ཞེ་དྲུག་དང་གྲངས་ཆུང་གསུམ་དྲུག་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།