ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་ཡིས་ཧན་གོའི་ཧྥོ་ཧྲན་ནས་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཕེའོ་ཀྲིན་དང་། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧྲན་ཁྲོན་དབྱང་ཙི་གཉིས་དང་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཐེངས་བཅུ་བར་ཞུགས།
ཝང་དབྱེ་ཡིས་བསྟན་དོན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་དེ་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་རྐྱེན་སྲོལ་ཅན་གྱི་ཚད་གཞི་ཆེས་མཐོ་ཞིང་། ཁེབས་རྒྱ་ཆེས་ཆེ་བ། ནང་དོན་ཆེས་ཕུན་སུམ་ཚོགས་པའི་ཕྱོགས་མང་མཉམ་ལས་ཀྱི་སྒྲོམ་གཞི་ཞིག་ཏུ་གྱུར་ཡོད། ཟོལ་མེད་ཀྱིས་རྒྱལ་ཁབ་གསུམ་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་ས་ཁུལ་དེའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ལས་རིམ་ལས་བསྟན་དོན། རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་རྨང་གཞི་བརྟན་པ་དང་དགོས་མཁོ་ཆེ་བ། སྦས་ཤུགས་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཡིན། ལོ་བརྒྱའི་འགྱུར་ལྡོག་གནས་བབ་ཀྱི་འཕེལ་འགྱུར་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཇེ་དལ་དུ་འགྲོ་བཞིན་པའི་མདུན་ནས། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་ཡར་བརྩོན་གྱི་རྣམ་འགྱུར་བཟུང་སྟེ། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཁྱིམ་མཚེས་བར་མཛའ་མཐུན་ཡིན་པ་དང་ཁྱིམ་མཚེས་གྲོགས་སུ་བརྩི་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཧན་གོ་དང་འཇར་པན་ཕྱོགས་གཉིས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གསུམ་གྱི་མཉམ་ལས་ཀྱི་རྒྱུན་ལྡན་འཕེལ་རྒྱས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། བདེ་ཐང་དང་གཏན་འཇགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་སྲུང་འཛིན་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།
ཕེའོ་ཀྲིན་དང་། ཧྲང་ཁྲོན་དབྱང་ཙི་གཉིས་ཀྱིས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། རྒྱལ་ཁབ་གསུམ་ནི་ཁ་འབྲལ་ཐབས་མེད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་དོན་སྙིང་གལ་ཆེན་དང་སྦས་ཤུགས་ཆེན་པོ་ལྡན་པར་འདོད། གནས་བབ་གསར་བའི་འོག་ཏུ་རྒྱལ་ཁབ་གསུམ་གྱིས་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་ཕྱིར་དྲན་དང་། འབྲེལ་འདྲིས་བརྗེ་རེས་ལ་ཤུགས་སྣོན། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གསུམ་གྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་བསྐྲུན་དགོས། ཕྱོགས་གསུམ་གྱིས་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། གཞི་གྲངས་ཅན་གྱི་སྤོར་བསྒྱུར། མི་གཞུང་བརྗེ་རེས། ཁོར་ཡུག་སྲུང་སྐྱོབ། རྒན་པ་ཅན་སོགས་ཁྱབ་ཁོངས་སུ་མ་འོངས་པར་ཁ་ཕྱོགས་པའི་ངོ་བོ་རང་བཞིན་ལྡན་པའི་མཉམ་ལས་སྤེལ་ནས། རྒྱུན་ཆད་མེད་པར་ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་དགོས། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་དེ་ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་ལས་བརྒལ་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཐད་ནུས་པ་གལ་ཆེན་འདོད་དགོས་ལ། སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ནས་ཀྲུང་གོ་དང་འཇར་པན། ཧན་གོ་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་མང་བའི་རྒྱལ་ཁབ་དང་ས་ཁུལ་ལ་ཕན་བདེ་སྐྲུན་དགོས་ཟེར།
ཕྱོགས་གསུམ་གྱིས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལ་ཆ་རྐྱེན་བསྐྲུན་ནས། འབྲེལ་ཡོད་གྲ་སྒྲིག་བྱ་བར་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།
ཕྱོགས་གསུམ་གྱིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཝང་དབྱེ་ཡིས་བསྟན་དོན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས། རྙོག་འཛིང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་མདུན་ནས། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞི་བདེ་འཕེལ་རྒྱས་དང་ས་ཁུལ་གྱི་མི་དམངས་དག་གི་ཁེ་ཕན་ལ་རྐང་བཙུགས་ཏེ། ས་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་ཉེན་ཁའི་འགྲན་རྩོད་ཐག་གཅོད་བྱས་ནས། ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ཨེ་ཤ་ཡཱ་ཤར་མའི་མཉམ་ལས་ཀྱི་སྣེ་ཁྲིད་པ་བཟང་བོ་བྱས་ཤིང་། རྒྱལ་ཁབ་གསུམ་གྱི་མཉམ་ལས་ལས་ཨེ་ཤ་ཡཱ་ཤར་མའི་མཉམ་ལས་ལ་སྐུལ་ཁྲིད་བྱེད་པ་དང་། སྒོ་འབྱེད་ཀྱི་ས་ཁོངས་རིང་ལུགས་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱིས་དབྱེ་བ་དགར་བར་ངོ་རྒོལ་བྱས་ནས། ས་ཁོངས་མཉམ་ལས་ཀྱི་སྒར་ས་ཅན་ལ་འགོག་རྒོལ་བྱེད་དགོས། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་མཁན་བཟང་བོ་ཞིག་བྱས་ཏེ། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཐུབ་པའི་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། གྲོས་མོལ་དང་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་འགལ་བ་དང་རྩོད་གླེང་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གནད་དོན་གལ་ཆེན་ཐག་གཅོད་བཟང་བོ་བྱེད་པའི་བར་འདུམ་པ་བྱེད་དགོས་ལ། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་མུ་མཐུད་དུ་ཛ་དྲག་ཏུ་འགྲོ་བ་ཕྱོགས་གང་རུང་གི་ཁེ་ཕན་ལའང་མི་འཚམ་པས། ཁ་ཚ་དགོས་གཏུག་ནི་གནས་བབ་དེ་ཞི་འཇགས་སུ་བཏང་སྟེ། གྲོས་མོལ་སླར་གསོ་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་པ་དང་། དེའི་དོན་དུ་དོན་སྙིང་ལྡན་པའི་འགུལ་སྐྱོད་སྤེལ་རྒྱུ་དེ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།