ཧཱ་མཱ་སི་དང་དབྱི་སི་རལ་གྱིས་སོ་སོར་སྐོར་ཐེངས་གསུམ་པའི་བཀག་འཇུག་མི་སྣ་ཕྱིར་བཏང་།
2023.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཁཱ་སིང་སྟོང་ཤོག་གིས་ཉིན་དེར་སྐོར་ཐེངས་གསུམ་པའི་བཀག་འཇུག་མི་སྣ་ཕྱིར་བཏང་ཡོད། དེའི་ནང་དབྱི་སི་རལ་གྱི་མི་བཅུ་གསུམ་དང་། ཐེ་གོའི་མི་གསུམ། ཨུ་རུ་སིའི་མི་གཅིག་བཅས་འདུས་ཟེར། གཞན་ཡང་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་ཕཱ་ལེ་སི་ཐན་གྱི་ནར་སོན་མེད་པའི་མི་སོ་དགུ་ཕྱིར་བཏང་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ་བདེན་དཔང་བྱས་དོན། ཧཱ་མཱ་སི་ཡིས་ཕྱིར་བཏང་བའི་སྐོར་ཐེངས་གསུམ་པའི་བཀག་འཇུག་མི་སྣ་བཅུ་བདུན་དང་ལེན་བྱས་ཡོད་ཅིང་། ཕྱིར་བཏང་བའི་མི་བཅུ་བདུན་པོ་དེའི་ཁྲོད་དབྱི་སི་རལ་གྱི་མི་བཅུ་གསུམ་དང་། ཐེ་གོའི་སྤྱི་དམངས་གཅིག ཨུ་རུ་སིའི་རྒྱུད་ཀྱི་དབྱི་སི་རལ་གྱི་ཚོང་བ་གཅིག་བཅས་འདུས། དེའི་ནང་དབྱི་སི་རལ་གྱི་མི་བཅུ་གཉིས་ཅཱ་ཧྲ་ས་ཁུལ་དབུས་ཕྱོགས་ཀྱི་མཐའ་མཚམས་བརྒྱུད་དེ་ཕྱིར་དབྱི་སི་རལ་དུ་ལོག་པ་དང་། ཐེ་གོའི་མི་གསུམ་དང་ཨུ་རུ་སིའི་རྒྱུད་ཀྱི་དབྱི་སི་རལ་གྱི་མི་གཅིག་པོ་ཅཱ་ཧྲ་ས་ཁུལ་དང་ཨེ་ཅིབ་འབྲེལ་མཚམས་ཀྱི་ལཱ་ཧྥ་རྒྱུ་ལམ་བརྒྱུད་ནས་དབྱི་སི་རལ་དུ་འབྱོར་ཡོད་ཟེར། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ལོ་གྱ་བཞི་ཅན་གྱི་དབྱི་སི་རལ་གྱི་མི་ཞིག་གི་ལུས་ཕུང་བདེ་ཐང་མིན་པས། གྱེན་འཕུར་གནམ་གྲུ་བཀོལ་ནས་དབྱི་སི་རལ་ལྷོ་ཕྱོགས་ཀྱི་པེ་ཨར་ཞེ་པཱ་གྲོང་ཁྱེར་གྱི་སྨན་ཁང་དུ་བསྐྱལ་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་ཕཱ་ལེ་སི་ཐན་གྱི་ནར་སོན་མེད་པའི་མི་སོ་དགུ་ཕྱིར་བཏང་བ་དང་། མིག་སྔར་མི་དེ་དག་རླངས་འཁོར་ལ་བསྡད་དེ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཨོ་ཧྥོ་བཙོན་ཁང་ནས་ལཱ་མུའུ་ཨན་ལཱ་རུ་སོང་བ་དང་། དབྱི་སི་རལ་གྱི་བཙོན་ཁང་དོ་དམ་ཅུའུ་ཡིས་ཉིན་དེའི་སྔ་དྲོར་ཁྱབ་བསྒྲགས་བྱས་དོན། སྐོར་ཐེངས་གསུམ་པའི་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་གྲ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཡོད་ཟེར།

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲའི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་པའི་ཉིན་གསུམ་པ་ཡིན་ལ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ་སོ་དགུ་ཕྱིར་གཏོང་རྒྱུ་ཡིན་པ་དང་། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་ནས་བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་མི་བཅུ་གསུམ་དང་། ཨུ་རུ་སིའི་མི་གཅིག ཐེ་གོའི་མི་གསུམ་བཅས་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་སྤྲོད་རྒྱུ་རེད་ཟེར།

ཧཱ་མཱ་སི་ཡིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། ཧཱ་མཱ་སི་ཡིས་སྔར་ལས་མང་བའི་བཀག་འཇུག་མི་སྣ་ཕྱིར་བཏང་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་བར་ནན་ཏན་གྱིས་བསམ་བློ་གཏོང་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།