དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་བདུན་བསད།
2023.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོ་ནས་བཟུང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་མང་བོ་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་བདུན་བསད་ཟེར།

ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཚེས་ཉེར་ལྔ་ཉིན་གྱི་དགོང་མར་ཅེ་ཉིང་གི་ཡུལ་གྱར་བའི་སྒར་སར་ཡོང་ནས་སྔོག་བཤེར་འགུལ་སྐྱོད་སྤེལ་བ་དང་། དེའི་སྐབས་སུ་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་ཟེར། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཐེངས་འདིའི་འཁྲུག་རྩོད་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་བརྒྱད་ལ་རྨས་ཕོག་ཡོད་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་པུས་ལཱ་དང་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་བར་འཁྲུག་རྩོད་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་གཉིས་བསད་ཡོད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་གནས་སྐབས་སུ་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།