སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཏཱ་མཱ་ཧྲི་ཀིའི་ཉེ་འདབས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས། ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལས་གཉེར་མཚམས་འཇོག་དགོས་བྱུང་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ལྔ་བཅུའི་ཡས་མས་སུ། དབྱི་སི་རལ་གྱིས་རང་གིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སའི་ཕྱོགས་ནས། ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཏཱ་མཱ་ཧྲི་ཀིའི་ཉེ་འདབས་ས་ཁུལ་དུ་འཕུར་མདའི་འཇབ་རྒོལ་བྱས་པ་དང་། ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་ལས་གཉེར་མཚམས་བཞག་པ་དང་སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ཐེབས་ཟེར། གསལ་སྒྲོག་ལས་མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་གླེང་མེད།
གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་བཀག་འགོག་བྱས་པ་དང་། འཇབ་རྒོལ་བྱེད་པའི་འཕུར་མདའ་མང་ཆེ་བ་བཀག་ཡོད་ཟེར།
གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་བྱུང་སྐབས་ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དེས་ལས་གཉེར་སླར་གསོ་བྱས་ནས་དུས་ཚོད་སུམ་ཅུ་ཙམ་ལས་འགོར་མེད། དེའི་སྔོན་གནམ་གྲུ་ཐང་དེར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་པའི་དབང་གིས་གནས་སྐབས་སུ་ལས་གཉེར་མཚམས་བཞག་པ་ཡིན་ལ། དབྱི་སི་རལ་གྱིས་ད་རུང་ཏཱ་མཱ་ཧྲི་ཀིའི་ཉེ་འདབས་ས་ཁུལ་གྱི་མེད་ཙེ་མཁའ་དམག་རྟེན་གཞིའི་ཉེ་འདབས་ས་ཁུལ་དུའང་བར་སྣང་འཇབ་རྒོལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།