ཙུང་ལི་མའོ་ལཱ་ཝེ་ཚི་ཅི་ཡིས་མགོ་ཁྲིད་པའི་ཕོ་ལན་གྱི་སྐབས་གསར་བའི་སྲིད་གཞུང་གིས་ཚེས་ཉེར་བདུན་ཉིན་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། སྲིད་གཞུང་གསར་བས་ཉིན་བཅུ་བཞིའི་ནང་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་དང་ལེན་བྱེད་དགོས་པ་རེད།
ཕོ་ལན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མའོ་ལཱ་ཝེ་ཚི་ཅི་ཡིས་ཉིན་དེའི་ཕྱི་དྲོར་ཙུང་ཐུང་ཏུའུ་ཏཱ་ལ་སྤྲད་པའི་སྲིད་གཞུང་གསར་བའི་ཁོངས་མིའི་མིང་ཐོའི་ནང་སྔོན་ཆད་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་སྐོར་ཞིག་དང་མི་གསར་བ་སྐོར་ཞིག་ཡོད། དེའི་ནང་ཝེ་ཨར་སུན་ཁི་ཡིས་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་བ་དང་། མཱ་ལུང་ཀི་ཡིས་འཕེལ་རྒྱས་དང་ལག་རྩལ་བློན་ཆེན་གྱི་འགན་ཁུར། པུའུ་ཝ་ཧྲི་ཆཱ་ཁི་ཡིས་སྔར་བཞིན་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་ཡོད། སྲིད་གཞུང་གསར་བའི་ནང་ཕྱེད་ཀའི་ཡན་བུད་མེད་རེད།
མའོ་ལཱ་ཝེ་ཚི་ཅིའི་སྲིད་གཞུང་གསར་བས་ཉིན་བཅུ་བཞིའི་ནང་གྲོས་ཁང་དམངས་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་དང་ལེན་བྱེད་དགོས་པ་དང་། གལ་ཏེ་ཡིད་ཆེས་འདེམ་ཤོག་གི་ཚད་གཞིར་མ་བསླེབས་ན། དམངས་གྲོས་ཁང་གིས་ཙུང་ལི་གསར་བ་བདམས་ནས་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག་ཆོག
བསོད་ནམས་ཚེ་རིང་གིས་བསྒྱུར།