ཧན་གོའི་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་ཀྱི་མགོ་ཁྲིད་རིམ་པས་མཉམ་དུ་ལས་ཁུར་དགོངས་ཞུ་བྱས།
2023.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཧན་གོའི་སྨྱན་བྱད་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཧན་གོའི་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་ཀྱི་མགོ་ཁྲིད་རིམ་པའི་མཐོ་རིམ་དཔོན་པོ་གསུམ་གྱིས་ཉིན་དེར་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་པ་དང་། ཙུང་ཐུང་ཡུན་ཞེ་ཡའོ་ཡི་ཆོག་མཆན་ཐོབ་ཡོད་ཟེར། ཧན་གོའི་སྨྱན་བྱད་ཀྱི་བཤད་ཚུལ་ལྟར་ན། ཡུན་ཞེ་ཡའོ་གསང་འཕྲིན་ལས་ཁུངས་ཀྱི་མི་སྣའི་དོ་དམ་གྱི་རྩོད་གླེང་ལ་མ་དགའ་བས་གོང་གི་མི་དེ་གསུམ་གྱི་ལས་འགན་བླངས་པ་རེད་ཟེར།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧན་གོའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཡུན་ཞེ་ཡའོ་ཡིས་གསང་འཕྲིན་གླིང་གི་ཡོན་ཀྲང་ཅིན་ཁོས་ཞན་དང་། དཔོན་པོ་གཞོན་པ་དང་པོ་དང་དཔོན་པོ་གཞོན་པ་གཉིས་པ་བཅས་ཀྱི་ལས་ཁུར་དགོངས་ཞུར་ཆོག་མཆན་བཀོད་པ་རེད་ཟེར། གསལ་སྒྲོག་ལས་མི་དེ་གསུམ་གྱིས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་རྐྱེན་གསལ་བོར་གླེང་མེད་ལ། ཡུན་ཞེ་ཡའོ་ཅིའི་ཕྱིར་ཡིད་འཐད་བྱུང་བའང་གསལ་བཤད་བྱས་མེད།

ཅིན་ཁོས་ཞན་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བར་གསང་འཕྲིན་གླིང་གི་ཡོན་ཀྲང་དུ་བསྐོ་འཇོག་བྱས་པ་རེད། གསལ་སྒྲོག་ནང་བཤད་པ་ལྟར་ན། ཁོས་ལས་འགན་ཁུར་རྗེས་གསང་འཕྲིན་གླིང་དེ་རྒྱལ་ཁབ་ཀྱི་ཆེས་མཐོའི་བདེ་སྲུང་དང་གསང་འཕྲིན་ལས་ཁུངས་ཡིན་པའི་གོ་གནས་ཡང་བསྐྱར་གཏན་འཁེལ་བྱས་པར་མ་ཟད། མཛའ་མཐུན་ལྡན་པའི་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་བར་གྱི་མཉམ་ལས་མ་ལག་བཙུགས་པ་རེད།

ཧན་གོའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། ཡུན་ཞེ་ཡའོ་ཡིས་སྔོན་ཆད་ཀྱི་ཕྱི་འབྲེལ་དཔོན་པོ་ཧོང་ཀྲང་ཡོན་དང་གསང་འཕྲིན་གླིང་གི་སྔོན་ཆད་ཀྱི་དཔོན་པོ་ཧོང་ཡོན་ཀྲིན་གཉིས་སོ་སོར་གསང་འཕྲིན་གླིང་གི་དཔོན་པོ་གཞོན་པ་དང་པོ་དང་གཉིས་པར་བསྐོ་འཇོག་བྱེད་རྒྱུ་ཐག་བཅད་པ་དང་། ཡོན་ཀྲང་གསར་བའི་འདེམ་སྒུག་མི་སྣ་ད་རུང་གཏན་འཁེལ་བྱས་མེད། ཡོན་ཀྲང་གི་ལས་གནས་སྟོང་བར་ལུས་པའི་སྐབས་སུ། ཧོང་ཀྲང་ཡོན་གྱིས་གསང་འཕྲིན་གླིང་གི་མགོ་ཁྲིད་བྱ་བའི་འགན་ཁུར་རྒྱུ་རེད།

ཧན་གོའི་ཙུང་ཐུང་གཞུང་སྒྲུབ་ཁང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། རྒྱལ་ཁབ་གསང་འཕྲིན་གླིང་གི་ཡོན་ཀྲང་གི་འདེམ་སྒུག་མི་སྣར་རྒྱལ་ཚོགས་ནས་མི་དོན་ཉན་ཞིབ་བརྒྱུད་དགོས་པས། འདེམ་སྒུག་མི་སྣ་འོས་ཤིང་འཚམ་པ་ཞིག་གཏན་འཁེལ་བྱེད་པར་དུས་ཚོད་ངེས་ཅན་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།