དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཕྱིར་བཏང་བའི་སྐོར་ཐེངས་བཞི་བའི་བཀག་འཇུག་མི་སྣ་དང་ལེན་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕྱིར་བཏང་བའི་དབྱི་སི་རལ་གྱི་མི་བཅུ་གཅིག་ཉིན་དེའི་དགོང་མོར་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་ལ་སྤྲད་པ་དང་། ཁོ་ཚོས་དམག་ཕྱོགས་ཀྱི་འགྲོ་རོགས་འོག་ཐོག་མའི་གནས་ཚུལ་གྱི་དཔྱད་འཇོག་དང་ལེན་བྱས་རྗེས་ཁྱིམ་མི་དང་ལྷན་འཛོམས་བྱེད་ངེས་རེད་ཟེར།
ཕཱ་ལེ་སི་ཐན་གྱི་གནས་ཚུལ་བསྒྲགས་མཁན་གྱིས་ཚེས་ཉེར་བདུན་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཉིན་དེའི་དགོང་མོར་སྐོར་ཐེངས་བཞི་བའི་བཀག་འཇུག་མི་སྣ་ཕྱིར་བཏང་བ་དང་། ཕྱིར་བཏང་བའི་མི་དེ་དག་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་སྤྲོད་རྒྱུ་རེད་ཟེར།
དབྱི་སི་རལ་དང་ཧཱ་མཱ་སི་ཡིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལྟར་ན། དབྱི་སི་རལ་གྱིས་ཚེས་ཉེར་བདུན་ཉིན་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་སོ་གསུམ་ཕྱིར་གཏོང་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།