ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་ཚེས་ཉེར་བརྒྱད་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། བསྟུད་མར་ཉིན་འགའི་རིང་ལ། ཝུའུ་ཁི་ལན་གྱི་ས་ཁུལ་མང་བོར་ཁ་བ་ཆེན་པོ་བབས་པ་དང་དྲག་རླུང་གཡུག་པ་སོགས་ཐལ་དྲགས་པའི་ནམ་ཟླ་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གསུམ་ལ་རྨས་ཕོག་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་བཤད་རྒྱུར། ཐལ་དྲགས་པའི་ནམ་ཟླའི་ཤུགས་རྐྱེན་ལས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོའི་བར། རྒྱལ་ཁབ་དེའི་སྡོད་ཁུལ་ལྔ་བརྒྱ་དང་དོན་གཉིས་ལ་གློག་ཆད་པ་དང་། ནེ་ཀུའུ་ལཱ་ཡེ་ཧྥུའུ་མངའ་སྡེ་སོགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་བརྒྱད་བཀག་སྡོམ་བྱས་ཡོད་ལ། འདེགས་འདྲུད་རླངས་འཁོར་སྟོང་གཅིག་དང་ལྔ་བརྒྱ་ལྷག་དང་དངོས་སྐྱེལ་རླངས་འཁོར་སྟོང་གཅིག་དང་བརྒྱ་དགུ་བཅུ་ལྷག་གནས་སྐབས་ཀྱི་རླངས་འཁོར་འཇོག་གནས་སུ་ལུས་ཡོད་པ་རེད།
ཝུའུ་ཁི་ལན་ནང་སྲིད་པུའུ་ཡི་པུའུ་ཀྲང་ཁི་ལེ་མེན་ཁི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨོ་ཏི་སཱ་དང་ནེ་ཀུའུ་ལཱ་ཡེ་ཧྥུའུ། ཧཱ་ཨར་ཁི་ཧྥུའུ། ཅི་ཧྥུའུ་སོགས་མངའ་སྡེ་རུ་ཐལ་དྲགས་པའི་ནམ་ཟླའི་ཤུགས་རྐྱེན་ཐེབས་ཆེས་ཚབས་ཆེན་ཡིན་པ་དང་། ཁྱད་པར་དུ་ཨོ་ཏི་སཱ་ས་ཁུལ་དུ་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོའི་བར། ཐལ་དྲགས་པའི་ནམ་ཟླ་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། ཁོས་ད་རུང་བསྟན་དོན། མིག་སྔར་རྒྱལ་ཁབ་དེའི་མངའ་སྡེ་བཅུ་གཅིག་གི་སྡེ་ཁུལ་བཞི་བརྒྱ་དང་བཅུ་གཅིག་ཐལ་དྲགས་པའི་ནམ་ཟླའི་དབང་གིས་ཕྱི་ཕྱོགས་བར་འབྲེལ་ཐག་ཆད་ཡོད་ཟེར།
ས་དེའི་སྨྱན་བྱད་ཀྱིས་སྤེལ་བའི་ནམ་ཟླའི་སྔོན་བརྡ་ལྟར་ན། ཐལ་དྲགས་པའི་ནམ་ཟླ་དེ་ཉིན་འགའི་རིང་རྒྱུན་བསྲིང་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།