དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱིས་ཕྱིར་བཏང་བའི་སྐོར་ཐེངས་ལྔ་བའི་བཀག་འཇུག་མི་སྣ་བཅུ་གཉིས་དང་ལེན་བྱས་ཡོད་ཟེར། ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་སུམ་ཅུ་ཕྱིར་བཏང་ཡོད་ཟེར།
དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། ཕྱིར་བཏང་བའི་བཀག་འཇུག་མི་སྣ་བཅུ་གཉིས་དབྱི་སི་རལ་དུ་འབྱོང་ཡོད་པ་དང་། ཁོ་ཚོར་དབྱི་སི་རལ་དམག་ཕྱོགས་དང་གསང་འཕྲིན་སྡེ་ཁག་གི་མིའི་འགྲོ་རོགས་འོག་ལུས་ཕུང་བརྟག་དཔྱད་བྱས་རྗེས་ཁྱིམ་མི་དང་ལྷན་འཛོམས་བྱས་ཆོག་ཟེར།
གཞན་ཡང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕྱིར་བཏང་བའི་མི་སྣའི་གྲས་སུ་དབྱི་སི་རལ་གྱི་མི་བཅུ་དང་ཐེ་གོའི་མི་གཉིས་ཡོད་ཟེར།
ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་སུམ་ཅུ་ཕྱིར་བཏང་བ་དང་། མི་དེ་དག་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཨོ་ཧྥོ་བཙོན་ཁང་དང་བྲལ་བ་རེད་ཟེར། ཕཱ་ལེ་སི་ཐན་གྱི་བཀག་འཇུག་མཁན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་གསར་འགོད་པར་འདོན་སྤྲོད་བྱས་པའི་མིང་ཐོ་ལས་མངོན་པ་ལྟར་ན། ཕྱིར་བཏང་བའི་མི་སྣའི་གྲས་སུ་ནར་སོན་མེད་པའི་བཅོ་ལྔ་དང་བུད་མེད་བཅོ་ལྔ་འདུས།
ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨན་སཱ་ལི་ཡིས་ཉིན་དེའི་སྔ་དྲོར་གསལ་སྒྲོག་སྤེལ་ནས། ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱིས་ཕྱིར་བཏང་བའི་སྐོར་ཐེངས་ལྔ་བའི་བཀག་འཇུག་མི་སྣ་དག་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་སྤྲད་ཡོད་པ་དང་། དབྱི་སི་རལ་གྱིས་ཀྱང་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་སུམ་ཅུ་ཕྱིར་གཏོང་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།