སེ་ལཱ་རེ་ཨང་སྲིད་གཞུང་གིས་དམག་ཆས་མཛོད་ཁང་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་དེ་ནི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ཅིག་ཡིན་པའི་ཚུལ་བསྟན།
2023.11.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

སེ་ལཱ་རེ་ཨང་སྲིད་གཞུང་གིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཚེས་ཉེར་དྲུག་ཉིན་རྒྱལ་ཁབ་དེའི་རྒྱལ་ས་ཧྥོ་ལི་ཏོན་ནས་བྱུང་བའི་དམག་ཆས་མཛོད་ཁང་གི་འཇབ་རྒོལ་དོན་རྐྱེན་ནི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ཅིག་རེད་ཟེར།

སེ་ལཱ་རེ་ཨང་གི་བརྡ་འཕྲིན་དང་སྤྱི་དམངས་སློབ་གསོའི་པུའུ་ཀྲང་པཱ་ཧི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་དོགས་ཡོད་ཉེས་ཅན་བཅུ་བཞི་འཛིན་བཟུང་བྱས་ཡོད་པ་དང་། དེའི་ནང་མི་བཅུ་གསུམ་དམག་ཕྱོགས་མི་སྣ་ཡིན་ལ། མི་ནི་མི་སེར་དཀྱུས་མ་རེད། ཁོ་ཚོས་ཉེན་རྟོག་ཕྱོགས་ལ་རམ་འདེགས་བྱས་ནས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

སེ་ལཱ་རེ་ཨང་གི་ཙུང་ཐུང་པུས་ཨོ་ཡིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་རྒྱལ་ཡོང་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེའི་ཞོགས་པར་ཧྥོ་ལི་ཏོན་གྱི་དམག་ཆས་མཛོད་ཁང་ཞིག་དང་བཙོན་ཁང་ཞིག་ལ་འཇབ་རྒོལ་བྱས་ནས། བཙོན་མ་དག་བཙོན་ཁང་ནས་བྲོས་བྱོལ་བྱས་ཟེར། བདེ་འཇགས་དམག་དཔུང་གིས་འཇབ་རྒོལ་མཁན་མཐར་སྐྲོད་བཏང་བ་དང་། འཇབ་རྒོལ་ལ་ཞུགས་པའི་དྲག་ཆས་ཉེས་ཅན་གྱི་མགོ་བ་མང་ཆེ་བ་འཛིན་བཟུང་བྱས་ནས། ས་དེར་ཞི་འཇགས་སླར་གསོ་བྱུང་ཡོད་ཟེར།

སེ་ལཱ་རེ་ཨང་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། བཙོན་ཁང་ནས་བྲོས་བྱོལ་བྱས་པའི་བཙོན་མ་སྐོར་ཞིག་གིས་རང་སྐྱོན་ངོས་ལེན་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དེའི་འཕྲོའི་བྲོས་བྱོལ་བྱེད་པའི་བཙོན་མ་དག་འཛིན་བཟུང་བྱེད་བཞིན་ཡོད་ཟེར།

སེ་ལཱ་རེ་ཨང་གིས་ཚེས་ཉེར་དྲུག་ཉིན་ནས་བཟུང་རྒྱལ་ཡོངས་ཁྱབ་ཁོངས་ནས་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱས་པ་དང་། མིག་སྔར་ད་རུང་མཇུག་སྒྲིལ་བའི་དུས་ཚོད་ཁྱབ་བསྒྲགས་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།