ཧྥུན་ལན་སྲིད་གཞུང་གིས་ཚེས་ཉེར་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཧྥུན་ལན་གྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྱི་ནམ་གུང་ནས་བཟུང་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་བར་ཨུ་རུ་སིའི་བར་གྱི་ལཱ་ཅཱ་ཡའོ་སེ་ཕིས་རྒྱུ་ལམ་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། རྒྱུ་ལམ་དེ་ནི་ཧྥུན་ལན་གྱི་ཤར་ཕྱོགས་མཐའ་མཚམས་ཀྱི་རྒྱུ་ལམ་གཅིག་པུ་ཡིན་པས། ཧྥུན་ལན་དང་ཨུ་རུ་སིའི་སྐམ་སའི་མཐའ་མཚམས་ཀྱི་རྒྱུ་ལམ་ཚང་མ་བཀག་སྡོམ་བྱས་པ་མཚོན་ཡོད་ཟེར།
ཧྥུན་ལན་གྱི་ཙུང་ལི་ཨོ་ཨར་པའོ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བྱ་སྤྱོད་དེ་ནི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་ནུས་ལྡན་གྱིས་ཚོད་འཛིན་བྱེད་ཆེད་སྤྱད་པའི་དགོས་ངེས་ཀྱི་བྱེད་ཐབས་འོས་འཚམ་ཞིག་ཡིན་པ་དང་། སྲིད་གཞུང་གི་དམིགས་ཡུལ་ནི་མྱུར་མོར་མཐའ་མཚམས་གནས་ཚུལ་རྒྱུན་ལྡན་ཅན་དུ་གཏོང་བའི་ཆེད་དུ་ཡིན་ཟེར། ཧྥུན་ལན་གྱི་ནང་སྲིད་པུའུ་ཀྲང་ལན་ཐཱ་ཉིང་གིས་བསྟན་དོན། གལ་ཏེ་དགོས་མཁོ་ཡོད་ན། བཀག་སྡོམ་བྱེད་ཐབས་ཀྱི་ཡུན་ཚད་ཇེ་རིང་དུ་གཏོང་ཡང་སྲིད་ཟེར།
ཧྥུན་ལན་སྲིད་གཞུང་གིས་སྤེལ་བའི་གསར་འགྱུར་མ་ཡིག་ལྟར་ན། ཟླ་བརྒྱད་པའི་ཟླ་མགོའི་ཚུན་ལ། ལམ་ཡིག་མེད་པའི་རྒྱལ་ཁབ་གསུམ་པའི་སྤྱི་དམངས་སྟོང་གཅིག་ཙམ་ཤར་ཕྱོགས་ཀྱི་མཐའ་མཚམས་རྒྱུ་ལམ་བརྒྱུད་དེ་ཧྥུན་ལན་དུ་ཡོང་རྩིས་བྱས། ཁོ་ཚོའི་ཁྲོད་ཀྱི་མི་མང་ཆེ་བས་འགེབས་སྲུང་རེ་ཞུ་བྱས་ཡོད། ཧྥུན་ལན་སྲིད་གཞུང་གིས་བལྟས་ན། གནས་སྤོར་སྡོད་དམངས་དེ་དག་དང་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་ལས་རྒྱལ་ཁབ་བདེ་འཇགས་དང་སྤྱི་དམངས་ཀྱི་སྒྲིག་ལམ་ཐད་འཇིགས་ཉེན་ཚབས་ཆེན་ཐེབས་བཞིན་ཡོད་པར་འདོད།
ཧྥུན་ལན་སྲིད་གཞུང་གིས་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་ཨུ་རུ་སིའི་བར་གྱི་ཤར་ལྷོའི་ཕྱོགས་ཀྱི་མཐའ་མཚམས་རྒྱུ་ལམ་བཞི་བཀག་སྡོམ་བྱས་པ་དང་། ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་ནས་བཟུང་ཁུའུ་སཱ་མའོ་དང་སཱ་ལཱ་སོགས་ཤར་ཕྱོགས་ཀྱི་མཐའ་མཚམས་རྒྱུ་ལམ་བཀག་སྡོམ་བྱས་ནས། ལཱ་ཅཱ་ཡའོ་སེ་ཕིས་རྒྱུ་ལམ་གཅིག་པོ་བསྐྱུར་བ་རེད།
ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་ཧྥུན་ལན་ཤར་ཕྱོགས་ནས་ཨུ་རུ་སི་དང་འདབས་འབྲེལ་དུ་ཡོད་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཐའ་མཚམས་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་དང་སུམ་བརྒྱ་ལྷག་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།