སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ལ་ཉིས་སྟོང་སུམ་ལོའི་འཛམ་གླིང་འགྲེམ་སྟོན་ཚོགས་འདུའི་གཙོ་སྒྲུབ་དབང་ཆ་ཐོབ།
2023.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སྤྱི་ཁྱབ་པུའུ་ཧྥ་རན་སིའི་ཕཱ་རེ་སི་ན་ཡོད་པའི་རྒྱལ་སྤྱིའི་འགྲེམ་སྟོན་ཅུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། ཁོངས་གཏོགས་རྒྱལ་ཁབ་དག་གིས་འདེམ་ཤོག་འཕངས་ནས་སོ་ཏི་ཨ་རབ་ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་འགྲེམ་སྟོན་ཚོགས་འདུའི་གཙོ་སྒྲུབ་རྒྱལ་ཁབ་ཏུ་གཏན་འཁེལ་བྱས་པ་དང་། ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་འགྲེམ་སྟོན་ཚོགས་འདུ་དེ་ཉིས་སྟོང་སུམ་ཅུ་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་ཉིས་སྟོང་སོ་གཅིག་ལོའི་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་བར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སྤེལ་རྒྱུ་རེད།

རྒྱལ་སྤྱིའི་འགྲེམ་སྟོན་ཅུའུ་ཡིས་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། ལས་ཁུངས་དེའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱ་དང་དོན་གསུམ་པ་ནས་འདེམ་ཤོག་འཕེན་སྐབས། སོ་ཏི་ཨ་རབ་ལ་འདེམ་ཤོག་བརྒྱ་དང་བཅུ་དགུ་ཐོབ་པ་དང་། སུམ་ཆའི་གཉིས་ཀྱི་འདེམ་ཤོག་མང་ཆེ་བ་ཐོབ་ནས་བདམས་ཐོན་བྱུང་བ་དང་། ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་འགྲེམ་སྟོན་ཚོགས་འདུའི་བརྗོད་སྙིང་ནི་བཅོས་བསྒྱུར་དུས་རབས་ཏེ་ལག་རྡང་སྦྲེལ་ནས་མཛེས་སྡུག་གི་སང་ཉིན་མཉམ་དུ་སྐྲུན་ཞེས་པ་དེ་རེད།

རྒྱལ་སྤྱིའི་འགྲེམ་སྟོན་ཅུའུ་ཡི་དྲུང་ཡིག་ཆེན་མོ་ཁའེ་ཨར་ཁུན་ཙེ་སི་ཡིས་འདེམ་ཤོག་འཕངས་པའི་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས་བསྟན་དོན། མ་འོངས་པའི་ལོ་ངོ་བདུན་ནང་སོ་ཏི་ཨ་རབ་བར་མཉམ་ལས་ཟབ་མོ་བྱས་ཏེ། འཛམ་གླིང་ཧྲིལ་བོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྒྱལ་སྤྱིའི་འགྲེམ་སྟོན་ཅུའུ་ནི་གཅིག་སྟོང་དགུ་བརྒྱ་ཉེར་བརྒྱད་ལོར་བཙུགས་པ་དང་། སྲིད་གཞུང་བར་གྱི་ལས་ཁུངས་ཤིག་ཡིན་ལ། འཛམ་གླིང་འགྲེམ་སྟོན་ཚོགས་འདུ་སྤེལ་བར་མཐུན་སྦྱོར་དང་དོ་དམ་བྱེད་པའི་འགན་ཁུར་ཡོད། ཕྱོགས་བསྡུས་རང་བཞིན་གྱི་འཛམ་གླིང་འགྲེམ་སྟོན་ཚོགས་འདུའི་རེ་བ་སྔར་ལས་ནན་མོ་ཡིན་པ་དང་། ལོ་ལྔའི་ནང་ཐེངས་རེ་སྤེལ་བཞིན་ཡོད། ཉིས་སྟོང་ཉེར་ལྔ་ལོར་འཛམ་གླིང་འགྲེམ་སྟོན་ཚོགས་འདུ་དེ་འཇར་པན་གྱི་ཏཱ་པན་ནས་བསྡུ་རྒྱུ་རེད།

སོ་ཏི་ཨ་རབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གནས་ཚུལ་དེ་བསྒྲགས་རྗེས། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་སཱ་ལེ་མན་གྱིས་རྒྱལ་ཁབ་སོ་སོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱལ་ཁབ་སོ་སོ་ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་འགྲེམ་སྟོན་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས། ཁོས་ནན་གྱིས་བསྟན་དོན། ལེ་ཡཱ་ཏིའི་འཛམ་གླིང་འགྲེམ་སྟོན་ཚོགས་འདུ་ཡིས་རྩེར་སོན་གྱི་ལག་རྩལ་བེད་སྤྱོད་པ་དང་འཛམ་གླིང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བར་སྟེགས་བུ་འདོན་སྤྲོད་བྱས་ནས། མཉམ་དུ་དེང་སྐབས་འཛམ་གླིང་ཧྲིལ་བོའི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱེད་པར་གོ་སྐབས་འཚོལ་ཞིབ་བྱེད་དགོས་ཟེར། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཚོད་དཔག་བྱས་དོན། ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་འགྲེམ་སྟོན་ཚོགས་འདུར་མི་བྱེ་བ་བཞི་དང་འབུམ་བདུན་ལྷག་ཞུགས་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།