དབྱི་སི་རལ་གྱིས་སི་ཕན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཐག་བཅད།
2023.12.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཁི་ཨིན་གྱིས་ཟླ11པའི་ཚེས30ཉིན་ཁྱབ་བསྒྲགས་བྱས་དོན། སི་ཕན་དུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་ཕྱིར་བོས་ནས། སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་ཉིན་དེར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ནས་བསྟན་པའི་རྣམ་འགྱུར་ལ་རྒོལ་ལན་སྤྲད།

ཁི་ཨིན་གྱིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། སི་ཕན་གྱི་དབུ་བཞུགས་བློན་ཆེན་གྱིས་གཞན་ལ་ཁོང་ཁྲོ་སློང་བའི་གཏམ་བཤད་སྤེལ་བ་དང་ཡང་བསྐྱར་ཁུངས་ལུང་ཅི་ཡང་མེད་པའི་སྐྱོན་འཛུགས་བྱས་རྗེས། ང་ཚོས་སི་ཕན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་བོས་ནས་གྲོས་མོལ་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར།

དབྱི་སི་རལ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་འགུལ་སྐྱོད་སྤེལ་ཏེ་མུ་མཐུད་དུ་འཐབ་འཁྲུག་བྱེད་བཞིན་ཡོད་ལ། བཀག་འཇུག་མི་སྣ་ཚང་མ་ཕྱིར་གཏོང་བ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཚར་གཅོད་བྱེད་རག་བར་འཐབ་འཁྲུག་རྒྱུན་སྐྱོང་རྒྱུ་ཡིན་ཟེར།

གཞན་ཡང་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཁི་ཨིན་གྱིས་དབྱི་སི་རལ་དུ་སྡོད་པའི་སི་ཕན་གྱི་གཞུང་ཚབ་ཆེན་མོ་བོས་ནས་སིང་ཆེ་སིའི་གཏམ་བཤད་ལ་རྒོལ་གཏམ་གཏོང་དགོས་པའི་མཛུབ་སྟོན་གནང་ཡོད་ཟེར།

ཉིན་དེའི་སྔ་དྲོར། སིང་ཆེ་སི་ཡིས་སི་ཕན་རྒྱང་སྒྲོག་བརྙན་འཕྲིན་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱས་ཡོད་མེད་ལ་རང་ཉིད་དོགས་པ་ཟ་བཞིན་ཡོད་པ་དང་། ཅཱ་ཧྲ་ས་ཁུལ་ནས་མཐོང་བའི་གནས་ཚུལ་དེ་དང་ལེན་བྱེད་ཐབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།