ཅཱ་ཧྲ་ས་ཁུལ་གྱི་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ཡུན་ཚད་ལོངས་པ་དང་། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ཡུན་ཚད་ཡང་བསྐྱར་ཉིན་གཅིག་གིས་ཇེ་རིང་དུ་གཏོང་བར་འཐད་པ་བྱུང་།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྲུང་གོས་གྲོས་འདོན་བྱས་འོག མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་མཐོ་རིམ་གྲོས་ཚོགས་བསྡུས། ཀྲུང་གོས་བསྟན་དོན། ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་དེ་གཞན་ལས་གལ་འགངས་ཆེ་བའི་ལས་འགན་གཙོ་བོར་བྱེད་དགོས་ལ། ཕྱོགས་སོ་སོས་ཕྱི་འབྲེལ་གྱི་འབད་བརྩོན་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་ཆབ་སྲིད་མདུན་ལྗོངས་སླར་གསོ་བྱེད་པ་དང་། ཕཱ་ལེ་སི་ཐན་གྱི་གནད་དོན་དེ་ཕྱོགས་ཡོངས་ནས་དྲང་བདེན་གྱིས་ཡུན་རིང་བོར་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།