འདི་ནི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་པར་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་གྱི་ཡུལ་དངོས་རྣམ་པ་རེད།
ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་པར་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་གྱི་ཡུལ་དངོས་སུ། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ནམ་ཆིངས་ཡིག་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བདུན་པའི་ཀྲུའུ་ཞི་ཧྲུའུ་ཁའེ་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་པར་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་གྱི་ཡུལ་དངོས་སུ། ཆིངས་ཡིག་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བདུན་པའི་ཀྲུའུ་ཞི་ཧྲུའུ་ཁའེ་ལི་དང་ཆིངས་ཡིག་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི་ཀྲུའུ་ཞི་ཅཱ་པུས་ཨར་གཉིས་ཀྱིས་ཀྲུའུ་ཞིའི་ལས་འགན་བརྒྱུད་སྤྲོད་བྱེད་བཞིན་པ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་ཆིངས་ཡིག་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་ཚོགས་མགོ་བརྩམས། སྐབས་འདིའི་ཚོགས་ཆེན་གྱིས་མཐུན་སྒྲིལ་དང་འགུལ་སྐྱོད། དངོས་འབེབས་བཅས་བརྗོད་སྙིང་དུ་བཟུང་ཡོད་ལ། ཕཱ་ལརེ་སིའི་གྲོས་ཆོད་ལ་ཐོག་དང་པོར་འཛམ་གླིང་ཡོངས་ནས་རྩིས་བཤེར་བྱེད་རྒྱུ་ཡིན་པ་དང་། ཚོགས་ཞུགས་ཕྱོགས་ཁག་སོ་སོས་ཀྱང་གྲོས་གཞི་གལ་ཆེན་མང་བོའི་ཐད་ནས་གྲུབ་འབྲས་ལོན་པར་རེ་བཞིན་ཡོད།
སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་ནི་ཟིན་ཐོ་ཡོད་པའི་ཚུན་གྱི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་ཚ་བ་ཆེ་བའི་ལོར་བསྡུས་པ་ཡིན་ལ། དེ་ནི་ནམ་ཟླའི་ཁས་ལེན་དམ་བཅའ་མངོན་འགྱུར་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཚབས་ཆེན་སྔོན་འགོག་བྱེད་པའི་ཆོད་དོན་རང་བཞིན་གྱི་དུས་སྐབས་ཤིག་ཡིན། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐད་ནས་འགུལ་སྐྱོད་སྤེལ་བཞིན་ཡོད་ཀྱང་། སྔར་ལས་འབད་བརྩོན་ཆེན་པོ་བྱས་ན་ད་གཟོད་ཕཱ་རེ་སིའི་གྲོས་ཆོད་ཀྱི་དུས་ཡུན་རིང་བོའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ལ། སྐབས་འདིའི་ཚོགས་ཆེན་དེ་གནད་འགག་གི་དཀྱོགས་མཚམས་ལྟ་བུ་ཞིག་ཏུ་འགྱུར་དགོས་ཡོད་ཟེར།
ཚོགས་ཡུན་གཟའ་འཁོར་གཉིས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་ནས་ཕཱ་རེ་སིའི་གྲོས་ཆོད་ལ་འཛམ་གླིང་ཡོངས་ནས་རྩིས་བཤེར་བྱེད་པ་ཡོངས་འགྲུབ་བྱེད་རྒྱུ་མ་ཟད། གྲོས་ཆོད་དེ་ལག་བསྟར་བྱས་པའི་གྲུབ་འབྲས་དང་གྲོས་ཆོད་ཀྱི་དམིག་འབེན་མངོན་འགྱུར་བྱས་པའི་སྤྱིའི་བར་ཁྱད་ལ་དཔྱད་འཇོག་བྱེད་རྒྱུ་རེད། དེ་ལས་ཕྱོགས་སོ་སོས་མྱུར་མོར་རིམ་སྤོར་གསར་གཏོད་དང་མཉམ་ལས་ལ་ཤུགས་སྣོན་པའི་གོ་སྐབས་འདོན་སྤྲོད་བྱེད་ངེས་རེད།
སྐབས་འདིའི་ཚོགས་ཆེན་ནས་ད་རུང་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་གནད་འགག་གྲོས་གཞི་རབ་དང་རིམ་པར་གྲོས་བསྡུར་བྱེད་རྒྱུ་མ་ཟད་གྲུབ་འབྲས་ཆེན་པོ་ལོན་པར་རེ་བཞིན་ཡོད། སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡིས་བསྟན་དོན། ནམ་ཟླའི་དངུལ་གསོག་ནི་འབྲེལ་ཡོད་བཅོས་བསྒྱུར་གྱི་སྙིང་བོ་ཡིན་ལ། དེའི་ཐད་ནས་བླངས་པའི་གྲུབ་འབྲས་དེ་གྲོས་མོལ་ཁྱབ་ཁོངས་གཞན་པའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་གལ་འགངས་ཧ་ཅང་ཆེ་ཟེར།
ཆིངས་ཡིག་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི་ཀྲུའུ་ཞི་ཅཱ་པུས་ཨར་གྱིས་ཉིན་དེར་སྤེལ་བའི་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། སྐབས་འདིའི་ཚོགས་ཆེན་ནས་ནམ་ཟླའི་མ་དངུལ་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་འཕེལ་རྒྱས་དང་ནམ་ཟླའི་འགུལ་སྐྱོད་གཉིས་ལས་གདམ་གསེས་བྱེད་མི་དགོས་པར་བྱེད་རྒྱུ་ཡིན་ཟེར། ཁོས་ཚོགས་ཞུགས་ཕྱོགས་ཁག་སོ་སོས་གྲོས་རིམ་ལ་དམིགས་ཏེ་མཐུན་སྒྲིལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ཀྱི་ཡིད་ཆེས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
སྐབས་འདིའི་ཚོགས་ཆེན་ནི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་བར་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། གཙོ་སྒྲུབ་ཕྱོགས་ཀྱིས་ཚོད་དཔག་བྱས་ན་མི་ཁྲི་བདུན་ལྷག་དེར་ཞུགས་རྒྱུ་ཡིན་ལ། དེའི་ནང་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་སོ་སོའི་འཐུས་མི་དང་། ཚོང་དོན་ལས་རིགས་ཀྱི་གཙོ་འཛིན། ཚན་རིག་པ། ན་གཞོན་པའི་འཐུས་མི། སྨྱན་བྱད་ཀྱི་གསར་འགོད་པ། དེ་མིན་ཁེ་ཕན་གྱི་འབྲེལ་བ་ཡོད་པའི་མི་གཞན་པ་སོགས་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།