ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀི་སྐུ་གཤེགས།
2023.12.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཨ་མེ་རི་ཁའི་ཅི་ཞིན་ཀི་བློ་འདོན་ཀུང་ཟི་ཡིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀི་ཉིན་དེར་རང་ཁྱིམ་ནས་སྐུ་གཤེགས་པ་དང་། ད་ལོར་དགུང་ལོ་བརྒྱ་རེད། ཅི་ཞིན་ཀི་ཡིས་སྔོན་ཆད་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་དང་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་མྱོང་ལ། གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོར་ཐེངས་གཉིས་ལ་གསང་སྟབས་ཀྱིས་ཀྲུང་གོར་འཚམས་འདྲི་བྱས་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བར་སྐུལ་འདེད་གཏོང་བའི་བྱ་བར་ཞུགས་མྱོང་། དེའི་རྗེས་སུ་ཁོས་ཀྲུང་གོར་ཐེངས་བརྒྱ་ལྷག་ལ་འཚམས་འདྲི་བྱས། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བདུན་པར། ལོ་བརྒྱར་བུད་པའི་ཅི་ཞིན་ཀི་ཡིས་ཆེས་མཇུག་མཐར་ཀྲུང་གོར་འཚམས་འདྲི་བྱས། སྐབས་དེར་ཁོས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་དར་རྒྱས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།