དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱེད་མགོ་བརྩམས། ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། མིག་སྔའི་བར་དུ་བར་སྣང་འཇབ་རྒོལ་ལས་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར།
ས་དེའི་སྔ་དྲོའི་དུས་ཚོད་བདུན་སྟེང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་ཡུན་ལོངས་པ་རེད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་དང་ཧཱ་མཱ་སིའི་བར་གྱི་འཁྲུག་རྩོད་སླར་གསོ་བྱས་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་ཉེ་འདབས་ཀྱི་དབྱི་སི་རལ་གྱི་སྡེ་ཁུལ་དུ་མཁའ་སྲུང་ཉེན་བརྡ་བཏང་བ་དང་། དབྱི་སི་རལ་གྱི་མངའ་ཁོངས་སུ་ཅཱ་ཧྲ་ས་ཁུལ་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་མང་བོའི་འཇབ་རྒོལ་ཐེབས་ཡོད། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམིགས་འབེན་ལ་ཆམ་ཕབ་གཏོང་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ད་རུང་གསལ་སྒྲོག་སྤེལ་ཏེ། དུས་རིམ་རྗེས་མའི་འཐབ་འཁྲུག་ལ་གྲ་སྒྲིག་བཟང་བོ་བྱས་ཡོད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་ལ་ཕྱིར་འཐེན་བྱེད་པའི་ས་ཁྲ་བཀྲམས་ཡོད་ལ། ཅཱ་ཧྲ་ས་ཁུལ་དེ་ས་ཁྲའི་སྟེང་ས་ཁོངས་མང་བོར་བགོས་ནས་ཕྱིར་འཐེན་བྱེད་པར་སྟབས་བདེ་བཟོས་ཡོད་ཟེར།
ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་ཡང་བསྐྱར་མགོ་བརྩམས་པར་ཡིད་འཕང་བའི་ཚུལ་བསྟན་པ་དང་། གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། ཁཱ་ཐར་གྱིས་འདུམ་འགྲིག་མཁན་གཞན་པ་དང་མཉམ་དུ་བསྟུད་མར་བར་འདུམ་བྱས་ནས། མི་ཆོས་རིང་ལུགས་ཀྱི་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དུ་འཇུག་རྒྱུ་ཡིན་ཟེར།
ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ལྷ་མཁར་སྟོང་ཤོག་གིས་ཉིན་དེར་བཤད་རྒྱུར། དབྱི་སི་རལ་གྱི་མཁར་གྲོང་མང་བོར་ཕར་རྒོལ་བྱས་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་སྨྱན་བྱད་ལ་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་གཅིག་ཉིན་ཅཱ་ཧྲ་ས་ཁུལ་དུ་ཡང་བསྐྱར་བར་སྣང་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི་བརྒྱ་དང་དགུ་རྐྱེན་ལམ་དུ་ཤོར་ཟེར།
གཞན་ཡང་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་ཡང་བསྐྱར་བར་སྣང་འཇབ་རྒོལ་བྱས་པ་ལས། ཉུང་མཐར་ཡང་མི་བརྒྱ་དང་དོན་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་དང་གྱ་དགུར་རྨས་ཕོག་ཡོད་ལ། ཤི་རྨས་ཐེབས་པའི་མི་མང་ཆེ་བ་བུད་མེད་དང་བྱིས་པ་རེད་ཟེར།
ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པར་རྒོལ་གཏམ་བཏང་། ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་རྒུད་སྐྱོབ་དངོས་རྫས་དག་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་གཏན་འགོག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།