སྐབས་གཉིས་པའི་ཀྲུང་གོ་དང་དབྱིན་ཇིའི་ཆིང་ནུས་མཉམ་ལས་གླེང་སྟེགས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་དབྱིན་ཇིའི་མན་ཁྲེ་སི་ཐི་ནས་བསྡུས། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་འཐུས་མི་དང་། ཝུའུ་ཧན་དང་མན་ཁྲེ་སི་ཐི་ས་ཁུལ་གཉིས་ཀྱི་སྲིད་གཞུང་འཐུས་མི། ཀྲུང་གོ་དང་དབྱི་ཇིའི་ཆིང་ནུས་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི་སོགས་ཀྱིས་ཆིང་ནུས་ཐོན་ལས་མུ་འབྲེལ་མཉམ་ལས་ལ་དམིགས་ནས་གྲོས་བསྡུར་བྱས།
དབྱིན་ཇི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲིན་ཙེ་ཀོང་གིས་གླེང་སྟེགས་ནས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་བསྡུ་བའི་སྐབས་སུ། ཀྲུང་གོ་དང་དབྱིན་ཇིའི་ཆིང་ནུས་མཉམ་ལས་གླེང་སྟེགས་མན་ཁྲེ་སི་ཐི་ནས་སྤེལ་བ་དུས་ལ་འཁེལ་ཡོད་པ་དང་། གླེང་སྟེགས་དེས་ཀྲུང་གོ་དང་དབྱིན་ཇི། འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་ཐུན་མིན་གྱི་བྱས་རྗེས་འཇོག་ཐུབ་པའི་རེ་བ་ཡོད་ཟེར། ཁོས་བསྟན་དོན། ཀྲུང་གོ་དང་དབྱིན་ཇིས་ཆིང་ནུས་འཕེལ་རྒྱས་སུ་གཏོང་བའི་ཐད་རང་རང་གི་ཁྱད་ཆོས་ཡོད་ལ། འཕེལ་རྒྱས་དམིགས་འབེན་གཅིག་མཐུན་ཡིན། རྒྱལ་ཁབ་གཉིས་ཀྱིས་ཆིང་ནུས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྱད་སྟོབས་ཁ་གསབ་བྱས་ན་མཉམ་ལས་ཀྱི་ཕན་འབྲས་བཟང་བོ་མངོན་འགྱུར་བྱེད་ཐུབ་ཟེར།
མན་ཁྲེ་སི་ཐིའི་གྲོས་ཁང་གི་གྲོས་དཔོན་ཁི་ལོས་ཀི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་སྤོར་བསྒྱུར་བྱ་བ་མྱུར་མོར་སྤེལ་བཞིན་ཡོད་པ་དང་། དེ་ལས་རྒྱལ་ཁབ་གཉིས་ཀྱི་ཆིང་ནུས་མཉམ་ལས་ཐད་གོ་སྐབས་ཆེན་པོ་འདོན་སྤྲོད་བྱས་ཡོད་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་བསྐྲུན་ཐུབ་ཟེར།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཞི་བར་སྤེལ་བའི་སྐབས་དང་པོའི་ཀྲུང་གོ་དང་དབྱིན་ཇིའི་ཆིང་ནུས་མཉམ་ལས་གླེང་སྟེགས་སྟེང་། ཀྲུང་གོའི་ཝུའུ་ཧན་གྲོང་ཁྱེར་དང་དབྱིན་ཇིའི་མན་ཁྲེ་སི་ཐི་གྲོང་ཁྱེར་གྱི་འཐུས་མིས་ཆིང་ནུས་ཐོན་ལས་ཀྱི་བརྗེ་རེས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་སོགས་ཡིག་ཆ་བཀོད། ཐེངས་འདིའི་གླེང་སྟེགས་སྟེང་། ཝུའུ་ཧན་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལུང་ལིང་ཝུན་གྱིས་བསྟན་དོན། ཝུའུ་ཧན་དང་མན་ཁྲེ་སི་ཐི་གཉིས་ཀྱི་ཆིང་ནུས་ཐོན་ལས་ཀྱི་མཉམ་ལས་ཐད་རྣམ་པ་བཟང་བོ་མངོན་འགྱུར་བྱུང་ཡོད་ལ། མ་འོངས་པར་ས་ཁུལ་གཉིས་ཀྱི་ཆིང་ནུས་ཐོན་ལས་མུ་འབྲེལ་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་དང་པོའི་ཀྲུང་གོ་དང་དབྱིན་ཇིའི་ཆིང་ནུས་མཉམ་ལས་གླེང་སྟེགས་སྤེལ་བའི་ཚུན་ལ། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་ཆིང་ནུས་ལས་གཞིའི་སྦྲེལ་མཐུད་ལ་སྐུལ་འདེད་བཏང་བ་དང་། ལག་རྩལ་གསར་སྤེལ་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། ཆིང་འབར་རྫས་ཀྱི་གློག་གཡིས་དང་ཆིང་ནུས་ཐོན་ལས་ར་བར་མཉམ་ལས་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།