པོ་ཁི་ན་ཧྥ་སོ་གནས་སྐབས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་གཉིས་ཉིན་བཤད་རྒྱུར། པོ་ཁི་ན་ཧྥ་སོ་དང་ནི་ཀྲེར་གྱིས་ས་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་ལས་ཁུངས་ཡོངས་ནས་ཕྱིར་འབུད་རྒྱུའི་ཐག་བཅད།
པོ་ཁི་ན་ཧྥ་སོའི་གནས་སྐབས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་ཚེས་གཉིས་ཉིན་གསར་འགྱུར་སྤེལ་ནས་བཤད་རྒྱུར། པོ་ཁི་ན་ཧྥ་སོ་དང་ནི་ཀྲེར་གཉིས་ཀྱིས་ཚེས་གཅིག་ཉིན་བཀོད་པའི་མཉམ་འབྲེལ་གསལ་བསྒྲགས་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་ས་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་དང་དེའི་འཁོར་རྒྱུག་གནས་ཚུལ་ལ་ཞིབ་བཤེར་ཟབ་མོ་བྱས་རྗེས། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ནས་བཟུང་ས་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་ལས་ཁུངས་ནས་ཕྱིར་འབུད་རྒྱུའི་ཐག་བཅད་པ་དང་། དེའི་ནང་མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་དམག་དཔུང་ཡང་འདུ།
གསལ་བསྒྲགས་ནང་བཤད་རྒྱུར། ས་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་བཙུགས་པའི་ཐོག་མའི་བསམ་འདུན་ནི་ས་ཧི་ལེ་ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ན་ཡང་། སྡེ་ཚོགས་བཙུགས་པའི་ལོ་དགུའི་རིང་ལ་དམིགས་འབེན་དེ་མངོན་འགྱུར་བྱེད་མ་ཐུབ། པོ་ཁི་ན་ཧྥ་སོ་དང་ནི་ཀྲེར་གྱིས་ས་ཧ་ལེ་ས་ཁུལ་གྱི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ས་ཧ་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ནས་ཕྱིར་འབུད་པའི་འགན་འཁྲི་ཕྲག་ཏུ་ལེན་འདོད་ཡོད་ཟེར།
རིན་ཆེན་མཚོས་བསྒྱུར།