ཕ་ལེ་སི་ཐན་གྱི་དབྱི་སི་རལ་འགོག་རྒོལ་རྩ་འཛུགས་ཧ་མ་སིའི་ཆབ་སྲིད་ཅུའུ་ཡི་ཀྲུའུ་ཞི་གཞོན་པ་ས་ལི་ཧི·ཨ་ལུའུ་ལི་ཡིས་ཚེས2ཉིན་བསྟན་དོན། ཧ་མ་སིས་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་མ་བཞག་གོང་དབྱི་སི་རལ་བར་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱེད་མི་སྲིད་ཟེར།
ཨ་ལུའུ་ལི་ཡིས་ཉིན་དེའི་དགོང་མོར་ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧ་མ་སིས་བཀག་ཉར་བྱས་པའི་བུད་མེད་དང་ནར་མ་སོན་པའི་མི་ཡོད་ཚད་གློད་གྲོལ་བཏང་ཡོད། བཀག་ཉར་བྱས་པའི་མི་ལྷག་མའི་གྲས་སུ་དབྱི་སི་རལ་གྱི་དམག་མི་དང་དབྱི་དམག་ལ་ཞབས་འདེགས་ཞུ་མཁན་སྐྱེས་པ་དར་མ་ཚུད་ཡོད། བཀག་ཉར་བྱས་པའི་མི་སྣ་དེ་དག་བརྗེ་རེས་བྱེད་སྐབས་ཚད་གཞི་གསར་པ་གཞིར་འཛིན་དགོས་ཟེར།
དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས2ཉིན་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་དེ་འཕེལ་མེད་སོར་གནས་སུ་ལུས་པ་དང་། ཙུང་ལི་ནེ་ཐ་ནི་ཡ་ཧུའུ་ཡིས་ཁ་ཐར་གྱི་ཏོ་ཧ་རུ་ཡོད་པའི་དབྱི་སི་རལ་ཕྱོགས་ཀྱི་གྲོས་མོལ་ཚན་ཆུང་དབྱི་སི་རལ་དུ་ཕྱིར་ལོག་རྒྱུའི་རེ་བ་བཏོན་ཡོད་ཟེར།
གཞན་ཡང་ཁ་ཐར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཐར་གྱི་ཨའེ་སྨིའར་ཐ་སྨི་མུའུ་ཡིས་ཚེས2ཉིན་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཧ་ལི་སི་དང་ཁ་པར་གཏོང་སྐབས་བསྟན་དོན། ཁ་ཐར་གྱིས་མུ་མཐུད་དུ་མཉམ་ལས་སྤུན་ཟླ་ཡོངས་དང་འདུམ་འགྲིག་བྱས་ཏེ་འདུམ་འགྲིག་བྱེད་མཚམས་མི་འཇོག་པར་འགན་ལེན་བྱས་ནས་ཕ་ལེ་སི་ཐན་གྱི་གནས་བབ་ཞི་འཇགས་སུ་གཏོང་བཞིན་ཡོད་ཟེར།
དབྱི་སི་རལ་དང་ཧ་མ་སི་ཡིས་ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས24ཉིན་གྱི་ཆུ་ཚོད7པ་ནས་འགོ་བརྩམས་ཏེ་དུས་ཡུན་ཉིན་བཞིའི་རིང་གི་གནས་སྐབས་དམག་འཁྲུག་མཚམས་བཞག་པ་དང་། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་ཟླ11པའི་ཚེས27དང་ཚེས30ཉིན་གཉིས་ལ་སོ་སོར་དམག་འཁྲུག་མཚམས་འཇོག་ཡུན་ཉིན་གཉིས་དངཉིན་གཅིག་ལ་ཇེ་རིང་དུ་བཏང་། གནས་སྐབས་དམག་འཁྲུག་མཚམས་བཞག་པའི་རིང་ལ་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་དང་དབྱི་སི་རལ་གྱིས་སོ་སོར་སྐོར་ཁག་བདུན་གྱི་བཀག་ཉར་བྱས་པའི་མི་སྣ་གློད་འགྲོལ་བཏང་བ་རེད། ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས1ཉིན་གྱི་ཆུ་ཚོད7པར་ཧ་མ་སི་དང་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་གནས་སྐབས་དམག་འཁྲུག་མཚམས་འཇོག་པ་མཇུག་བསྡུས་པ་དང་། དབྱི་སི་རལ་དམག་གིས་ཉིན་དེར་ཧ་མ་སི་དང་དམག་འཁྲུག་སླར་གསོ་བྱས་པ་རེད། ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས2ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས1ཉིན་དབྱི་སི་རལ་དམག་དཔུང་གིས་དམག་དོན་བྱ་སྤྱོད་སླར་གསོ་བྱས་པ་ནས་བཟུང་ཅ་ཧྲ་ས་ཁུལ་དུ་མི་བརྒྱ་དང་གོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་བརྒྱ་དང་ལྔ་ཅུ་ལ་རྨས་སྐྱོན་ཕོག་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།