ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ཏཱ་མ་ཨར་ཉིང་གིས་ཚེས་གཉིས་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་ཁྱབ་སྒྲོག་བྱས་དོན། ཕ་རི་སི་ནས་ཉིན་དེའི་དགོང་མོར་ལག་ལ་གྲི་བཟུང་ནས་འཇབ་རྒོལ་བྱེད་པའི་དོན་རྐྱེན་བྱུང་ནས། མི་གཅིག་རྐྱེན་ལམ་དུ་ཤོར་ལ། མི་གཉིས་ལ་རྨས་སྐྱོན་ཕོག་པ་དང་། འཇབ་རྒོལ་མཁན་འཛིན་བཟུང་བྱས་ཡོད།
ཧྥ་རིན་སིའི་གསར་འགྱུར་ཉེན་རྟོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཕ་རི་སི་གྲོང་ཁྱེར་ལྟེ་གནས་ཁུལ་བཅུ་དྲུག་པའི་ཨེ་ཧྥེ་ཨར་ཉེ་འགྲམ་གྱི་ཟམ་པ་ཞིག་གི་སྟེང་བྱུང་ལ། འཇབ་རྒོལ་མཁན་ནི་ལོ་ན་ཉེར་དྲུག་ཅན་གྱི་ཧྥ་རིན་སིའི་སྐྱེས་པ་ཞིག་རེད། མི་དེ་sརིམ་པའི་ལྟ་རྟོག་ཡིག་ཚགས་མིང་ཐོའི་ཁྲོད་བཞག་ཅིང་། རྒྱལ་ཁབ་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་མི་སྣའི་མིང་ཐོའི་ཁྲོད་དུ་བཞག་ཡོད། ཁོས་ཐོག་མར་ལག་ལ་གྲི་བཟུང་ནས་ཁྱོ་ཤུག་གཉིས་ཀྱི་སྟེང་དུ་འཇབ་རྒོལ་བྱས། འཇབ་རྒོལ་ཐེབས་མཁན་དེ་ཧྥེ་ལེ་ཕིན་དུ་སྐྱེ་པའི་འཇར་མན་གྱི་ཡུལ་སྐོར་བ་ཞིག་རེད་ལ། སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར། འཇབ་རྒོལ་མཁན་གྱི་ཆུང་མ་ལ་རྨས་སྐྱོན་མ་ཕོག འཇབ་རྒོལ་མཁན་གྱིས་བསྟུད་མར་ལམ་འགྲོ་བ་དག་ལ་འཇབ་རྒོལ་བྱས་ཤིང་། མི་གཉིས་ལ་རྨས་ཕོག
ཧྥ་རིན་སིའི་ཙུང་ཐུང་མ་ཁུ་ལུང་གིས་རྒྱལ་དོན་འཚམ་འདྲིར་འགྲོ་བའི་ལམ་བུར་དུ་གནམ་གྲུའི་སྟེང་ཏཱ་མ་ཨར་ཉིང་ལ་ཁ་པར་བཏང་ནས། གནས་བབ་ལ་དཔྱད་འཇོག་བྱས། ཏཱ་མ་ཨར་ཉིང་ཉིན་དེའི་དགོང་མོར་འཇབ་རྒོལ་ཡུལ་དངོས་སུ་སོང་། ཁོས་ཧྥ་རིན་སིའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འཇབ་རྒོལ་མཁན་དེ་སྔོན་ཆད་ཉིས་སྟོང་བཅུ་དྲུག་ལོར་འཇབ་རྒོལ་བྱ་འགུལ་ལ་ཞུགས་རྩིས་བྱས་པས་འཛིན་བཟུང་བྱས་ནས་ལོ་བཞི་ལ་བཙོན་འཇུག་བྱས་མྱོང་། མི་དེར་སྨྱོ་འབོག་གི་ནད་ཚབས་ཆེན་བྱུང་འདུག་པས། མིག་སྔར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན་ཟེར།
གཞན་སྨྱན་སྦྱོར་ལས་བསྒྲགས་པ་ལྟར་ན། ཧྥ་རིན་སིའི་འཇིགས་སྐུལ་ལ་རྒོལ་བའི་ཞིབ་བཤེར་ཁང་གིས་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་འདུག ཧྥ་རིན་སིའི་ཙུང་ལི་པོ་ཨར་ནཱ་ཡིས་ཉིན་དེའི་དགོང་མོར་སྤྱི་འབྲེལ་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། འཇིགས་སྐུལ་རིང་ལུགས་ཀྱི་མདུན་དུ། ཧྥ་རིན་སིས་གཏན་ནས་གཉོམ་མི་འཁུར་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།