ཐན་ཙན་ནི་ཡཱའི་ས་གནས་དཔོན་རིགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་མཱ་ནེ་ཡཱ་ལཱ་ས་ཁུལ་དུ་ཚེས་གཉིས་ཉིན་གྱི་དགོང་མོ་ནས་ཚེས་གསུམ་ཉིན་བར་གློ་བུར་དུ་དྲག་ཆར་བབས་ཏེ། ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་བྱུང་། མིག་སྔར་གནོད་འཚེ་དེ་ལས་མི་ཞེ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་ལྔར་རྨས་ཕོག་ཡོད་ཟེར།
མཱ་ནེ་ཡཱ་ལཱ་ས་ཁུལ་གྱི་ཆེད་དོན་པ་སུན་ཏིས་ཅཱ་ཡིས་ཚེས་གསུམ་ཉིན་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ས་ཁུལ་དེའི་སྡེ་བ་གཅིག་འདམ་གསེག་གིས་ཡོངས་སུ་བསྣུབས་ཡོད་པ་དང་། གནོད་འཚེ་དེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། ཐན་ཙན་ནི་ཡཱའི་མི་དམངས་རྒྱལ་སྲུང་དམག་དཔུང་གིས་དམིགས་བསལ་རོགས་སྐྱོར་རུ་ཁག་ཅིག་མངག་ནས་རྒུད་སྐྱོབ་བྱ་བ་སྤེལ་བ་དང་། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་ལ་ཞུགས་བཞིན་པའི་ཐན་ཙན་ནི་ཡཱའི་ཙུང་ཐུང་ཧཱ་སིང་གིས་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་མྱུར་མོར་ཐག་གཅོད་བྱེད་ཐབས་སྤྱད་དེ་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་བྱེད་དགོས་པའི་མཛུབ་སྟོན་གནང་།
བསོད་ནམས་ཚེ་རིང་གིས་བསྒྱུར།