ཧྥེ་ལེ་པེན་གྱི་ཤར་ལྷོའི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་།
2023.12.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཧྥེ་ལེ་པེན་གྱི་ཤར་ལྷོའི་མཚོ་ཁོངས་སུ་ཚེས་བཞི་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་བརྡ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ས་དེའི་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་ཞེ་དགུའི་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་ནི་ཧྥེ་ལེ་པེན་གྱི་སུའུ་ལི་ཀའོ་ལྷོ་མ་ཞིང་ཆེན་གྱི་ཨ་ལཱ་སི་ཨ་སིང་གྲུ་ཁའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་སོ་ལྔའི་མཚམས་ཀྱི་མཚོ་ཁོངས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་སུམ་ཅུ་ལྷག་ཡོད་ཟེར། ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་ཐོག་མར་ཚད་འཇལ་བྱས་པ་ལྟར་ན་ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་བདུན་ཡིན་ལ། དེའི་རྗེས་སུ་ཚད་རིམ་དྲུག་དང་གྲངས་ཆུང་དགུར་བཅོས་པ་རེད།

ཧྥེ་ལེ་པེན་ཤར་ལྷོའི་ཕྱོགས་ཀྱི་མཚོ་ཁོངས་སུ་ཚེས་གཉིས་ཉིན་གྱི་དགོང་མོར་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་ཡོམ་བྱུང་སྟེ། རྒྱ་མཚོ་འཕྱུར་བའི་སྣང་ཚུལ་ཙམ་བྱུང་བར་མ་ཟད། ས་ཡོམ་ཆུང་བ་བརྒྱ་ཕྲག་འགའ་བྱུང་བ་རེད། ཧྥེ་ལེ་པེན་སྲིད་གཞུང་གིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། ས་ཡོམ་དེ་ལས་ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།