ཨེ་ཀྭ་ཏོར་གྱི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་ཚེས་གསུམ་ཉིན་བདེན་དཔང་བྱས་དོན། ཨེ་ཀྭ་ཏོར་གྱི་ལྷོ་ནུབ་ཕྱོགས་ཀྱི་བཀའ་ཡཱ་སི་ཞིང་ཆེན་གྱི་ཏུའུ་ལན་གྲོང་ཁྱེར་ནས་ཚེས་གཉིས་ཉིན་དྲག་ཆས་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་ལྔ་རྐྱེན་ལམ་དུ་ཤོར་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས་གཉིས་ཉིན་གྱི་དགོང་མོར་ཏུའུ་ལན་གྲོང་ཁྱེར་གྱི་ཉོ་ཚོང་ལྟེ་གནས་ཤིག་གི་ཕྱི་རོལ་ནས་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་། འཇབ་རྒོལ་མཁན་གྱིས་སྐྱེལ་འདྲེན་ཞབས་ཞུ་འདོན་སྤྲོད་བྱེད་པའི་རྐང་འཁོར་དང་འཕྲུལ་རྟའི་ཁ་ལོ་བར་མེ་མདས་བརྒྱབ་ནས། མི་ལྔ་རྐྱེན་ལམ་དུ་ཤོར་ཟེར།
ཨེ་ཀྭ་ཏོར་གྱི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་བསྟན་དོན། ཉེན་རྟོག་ཕྱོགས་ལ་རོགས་རེས་བྱས་ནས་ཡུལ་དངོས་སུ་ལྟ་ཞིབ་དང་ཐག་གཅོད་བྱས་པར་མ་ཟད། དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།