དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཧཱ་ལའེ་ཝེ་ཡིས་ཚེས་གསུམ་ཉིན་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་གཉིས་ཉིན་ནས་བཟུང་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་འཐབ་འཁྲུག་འགུལ་སྐྱོད་སྤེལ་བ་དང་། དེའི་ཞོར་དུ་མུ་མཐུད་དུ་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས་གྲུབ་འབྲས་ལོན་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་གསུམ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཧཱ་ལའེ་ཝེ་ཡིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཛིང་དམག་དཔུང་ལ་ལྟ་སྐོར་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་ཉིན་གཉིས་ནང་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་འགུལ་སྐྱོད་ཁྲོད་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བཀོད་འདོམ་དཔོན་པོ་མང་བོ་བསད་པ་དང་། ཚེས་གཉིས་ཉིན་གྱི་ཞོགས་པ་ནས་བཟུང་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་དེ་མཚུངས་ཀྱི་འགུལ་སྐྱོད་སྤེལ་མགོ་བརྩམས་ཡོད་ལ། དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་དམག་ཤུགས་བཀོད་སྒྲིག་དང་འཐབ་འཛིང་ནུས་པ། འཐབ་འཛིང་གྲུབ་འབྲས་བཅས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ལས་ཞན་པ་མི་སྲིད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས་གསུམ་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ས་ངོས་དཔུང་འཇུག་དེ་ཅཱ་ཧྲའི་ས་ཁུལ་སོ་སོར་རྒྱ་བསྐྱེད་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་གསུམ་ཉིན་སྤེལ་བའི་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ས་ངོས་དམག་དཔུང་གི་རོགས་ལས་འོག་བར་སྣང་འཇབ་རྒོལ་ཐེངས་ཁྲི་ཙམ་སྤེལ་ནས། ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱི་རྨང་གཞིའི་སྒྲིག་ཆས་དང་བཀོད་འདོམ་ལྟེ་གནས། ས་ངོས་ཕུག་ལམ། མཚོན་ཆའི་མཛོད་ཁང་སོགས་ལ་གཏོར་བརླག་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།