མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལི་པུ་ཡཱ་རུ་སྡོད་པའི་དོན་གཅོད་ཁང་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ལས་ཁུངས་དེས་ཉིན་དེར་ལི་པུ་ཡཱའི་ནང་སྲིད་པུའུ་དང་མཉམ་དུ་བྱིས་པའི་ཁྲིམས་འཛིན་སྲུང་སྐྱོབ་ལ་ཤུགས་སྣོན་པའི་བྱ་བའི་འཆར་གཞི་ཞིག་བཀོད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། བྱ་བའི་འཆར་གཞི་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཁེ་དབང་སྤྱི་ཆིངས་གཞིར་བཟུང་ནས་གཏན་འབེབས་བྱས་པ་ཡིན་ལ། དམིགས་ཡུལ་ནི་ལེ་པུ་ཡཱའི་བྱིས་པའི་ཁྲིམས་འཛིན་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པའི་ཆེད་དུ་ཡིན་ཞིང་། དེའི་ནང་དོན་གཙོ་བོར་ཆེད་དོན་གྱི་ཚད་གཞི་དང་རྩ་དོན་གཏན་འབེབས་བྱེད་པ་དང་། ལས་བྱེད་མི་སྣ་གསོ་སྦྱོང་བྱེད་པའི་ནུས་པར་ཤུགས་སྣོན་པ། ལྟ་རྟོག་དོ་དམ་རྐྱེན་སྲོལ་སོགས་བེད་སྤྱད་དེ་ཁྱིམ་ཚང་དང་བྱིས་པའི་སྲུང་སྐྱོབ་སྡེ་ཁག་བར་གྱི་བྱ་བར་མཐུན་སྦྱོར་བྱས་ནས། བྱིས་པའི་སྲུང་སྐྱོབ་བྱ་བའི་སྤུས་ཚད་མཐོར་འདེགས་བྱེད་པ་བཅས་འདུས།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། བྱ་བའི་འཆར་གཞི་དེས་བྱིས་པའི་ཐེབས་རྩ་ཚོགས་པ་དང་ལི་པུ་ཡཱའི་ནང་སྲིད་པུའུ་བར་གྱི་མཉམ་ལས་བཟང་བོའི་ཚབས་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཕྱིན་ཆད་མུ་མཐུད་དུ་མཉམ་ལས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལི་པུ་ཡཱའི་ས་ཁུལ་སོ་སོའི་བྱིས་པའི་ཁེ་དབང་དང་ཕན་བདེ་ལ་འགན་སྲུང་བྱེད་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།