ཀུའེ་ནེ་ཡཱ་པུ་སོའི་ཙུང་ཐུང་ཨིན་པཱ་ལོ་ཡིས་ཚེས་བཞི་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ་གྲོས་ཁང་གཏོར་བ་དང་། དུས་ཚོད་བདམས་ནས་སྐབས་རྗེས་མའི་ཁྲིམས་འཛུགས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།
ཙུང་ཐུང་གི་བཀའ་རྒྱ་ལས་བཤད་རྒྱུར། ཉེ་སྔོན་བྱུང་བའི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ལས་རྒྱལ་ཁབ་ལས་ཁུངས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་ཐབས་མེད་པ་དང་། ཆབ་སྲིད་ཀྱི་ཉམས་ཉེན་ཚབས་ཆེན་གནས་པ་གསལ་རྗེན་དུ་མངོན་ཡོད་པས། གྲོས་ཁང་གཏོར་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན་ཟེར།
ཨིན་པཱ་ལོ་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་རྒྱལ་ས་པུ་སོ་ནས་བཤད་རྒྱུར། རྒྱལ་ཁབ་དེ་ནས་ཉེ་སྔོན་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ཅིག་བྱུང་བ་དང་། ཀུའེ་ནེ་ཡཱ་པུ་སོའི་དྲག་ཆས་དམག་དཔུང་གིས་ཚེས་གཅིག་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་བཀོད་འདོམ་དཔོན་པོ་ཆུང་ཀི་ཡིས་མི་ཁྲིད་དེ་འདྲི་གཅོད་དང་ལེན་བྱེད་བཞིན་པའི་སྲིད་གཞུང་གི་དཔོན་པོ་གཉིས་བཙན་ཤེད་ཀྱིས་ཕྱིར་བཏང་བ་དང་། ཙུང་ཐུང་གི་ཉེན་སྲུང་རུ་ཁག་བར་འཁྲུག་རྩོད་བྱུང་། ཆུང་ཀི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར་འཛིན་བཟུང་བྱས་ཡོད་ཟེར།
ཀུའེ་ནེ་ཡཱ་པུ་སོ་ནི་ཨ་ཧྥེ་རི་ཁ་གླིང་གི་ནུབ་ཕྱོགས་སུ་གནས་པ་དང་། གཅིག་སྟོང་དགུ་བརྒྱ་དོན་བཞི་ལོར་རང་བཙན་བྱས་པའི་ཚུན་ལ་སྲིད་འགྱུར་མང་དུ་བྱུང་མྱོང་ལ། ཆབ་སྲིད་གནས་བབ་དུས་ཡུན་རིང་བོར་ཟང་ཟིང་དུ་གནས་ཡོད།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པར། རྒྱལ་ཁབ་དེར་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ཅིག་བྱུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།