མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཞི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཡང་བསྐྱར་ཅཱ་ཧྲ་ས་ཁུལ་དུ་ཡུན་རིང་བོའི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི། དེ་མིན་ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་གཞན་པས་ཅཱ་ཧྲ་ས་ཁུལ་ནས་ཡང་བསྐྱར་དགྲར་འཛིན་འགུལ་སྐྱོད་སྤེལ་བར་ཡིད་འཕང་བའི་ཚུལ་བསྟན་པ་དང་། བཙན་བཟུང་བྱས་པའི་ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དྲག་ཤུགས་བྱ་སྤྱོད་སྔར་ལས་ཛ་དྲག་ཏུ་གྱུར་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་འོས་འགན་བརྩི་སྲུང་བྱེད་དགོས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་སྔར་ལས་ཇེ་སྡུག་ཏུ་གཏོང་བའི་འགུལ་སྐྱོད་སྤེལ་བ་སྔོན་འགོག་བྱས་ནས། མི་སེར་དཀྱུས་མར་དཀའ་སྡུག་སྔར་ལས་ཆེན་པོ་མི་བཟོ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། སྨན་བཅོས་མི་སྣ་དང་གསར་འགོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་བཅས་འདུས་པའི་མི་སེར་དཀྱུས་མ་དང་། དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་ངེས་པར་དུ་དུས་ནམ་ཡིན་ཡང་སྲུང་སྐྱོབ་ཐོབ་དགོས་ལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ངེས་པར་དུ་རྒྱུན་མཐུད་དང་བཀག་རྒྱ་མེད་པའི་སྒོ་ནས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་དགོས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་དུ་ཡུན་རིང་བའི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པ་དང་། ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་མི་སྣ་ཚང་མ་མྱུར་མོར་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།