ཧོང་ཏུ་ར་སིའི་རྒྱལ་སའི་ཉེ་འདབས་སུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར།
2023.12.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཧོང་ཏུ་ར་སིའི་མེ་གསོད་སྡེ་ཁག་གིས་ཚེས་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ཧོང་ཏུ་ར་སིའི་རྒྱལ་ས་ཐི་ཀུའུ་ཞི་ཅཱ་ཨར་པཱ་ཉེ་འདབས་སུ་བགྲོད་སྐབས་ཁ་ལོ་བྱེད་ཐབས་བྲལ་ནས་ཆུ་གྲོག་ཏུ་ལྷུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐི་ཀུའུ་ཞི་ཅཱ་ཨར་པཱ་ནས་ལམ་དུ་ཆས་ཏེ་ཨོ་ལན་ཆའོ་ཞིང་ཆེན་དུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ཐི་ཀུའུ་ཞི་ཅཱ་ཨར་པཱ་དང་ཉེ་བའི་མིན་ཐི་ལོས་ཏུང་ཏའོ་གྲོང་ཁྱེར་ཉེ་འདབས་སུ་ཁ་ལོ་བྱེད་ཐབས་བྲལ་ནས། གཞུང་ལམ་ལས་བརྒལ་ཏེ་ཆུ་གྲོག་ཏུ་ལྷུང་སྟེ་མི་སྣར་ཤི་རྨས་བཟོས་པ་རེད། ས་དེའི་འཕྲལ་སྒྲུབ་སྡེ་ཁག་མྱུར་མོར་དོན་རྐྱེན་བྱུང་སར་སོང་ནས་རྒུད་སྐྱོབ་བྱ་བ་སྤེལ་ཟེར།

ཧོང་ཏུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་ཡིས་ཉིན་དེར་དྲ་ཚིགས་ནས་བསྟན་དོན། ཧོང་ཏུ་ར་སིའི་སྲིད་གཞུང་གིས་དོན་རྐྱེན་དེར་རྒུད་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པ་དང་། ཤུགས་ཆེན་པོས་དགོས་ངེས་ཀྱི་རྒྱབ་སྐྱོར་གང་རུང་འདོན་སྤྲོད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།