དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས་བཞི་ཉིན་དབྱི་ལིང་དུ་འཚམས་འདྲི་བྱས་པ་དང་། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་ཚན་རྩལ་དང་འཕྲོད་བསྟེན། ཞིང་ལས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད།
དབྱི་ལིང་གི་ཙུང་ཐུང་གཞུང་སྒྲུབ་ཁང་གི་དྲ་ཚིགས་ཀྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ལའེ་ཞི་དང་ཏིས་ཡཱ་སི་ཁཱ་ནེ་ཨར་གཉིས་ཀྱིས་ཚེས་བཞི་ཉིན་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་བཙན་དབང་མ་ལག་ལ་ངོ་རྒོལ་བྱེད་པ་ནི་དབྱི་ལིང་དང་ཁུ་པཱའི་ཐུན་མོང་ལྟ་ཚུལ་ཡིན་པ་དང་། དབྱི་ལིང་དང་ཁུ་པཱའི་མི་དམངས་ཚང་མར་ཨ་མེ་རི་ཁའི་བཀག་སྡོམ་ཐེབས་ཡོད། དབྱི་ལིང་དང་ཁུ་པཱ་ཡིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བ་ལེགས་བཅོས་བྱེད་རྒྱུ་ཐག་བཅད་ཡོད་ལ། དེ་ནི་བཀག་སྡོམ་གྱི་ཤུགས་རྐྱེན་མེད་པར་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཟེར།
ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་བསྟན་དོན། ཁུ་པཱ་ཡིས་དབྱི་ལིང་ནི་རང་ཉིད་ཀྱི་དབུས་ཤར་ས་ཁུལ་གྱི་གྲོགས་པོ་དང་སྤུན་ཟླར་བརྩིས་ཡོད་ཟེར། ཁོས་ཨ་མེ་རི་ཁས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་སྤྱད་པར་རྒོལ་གཏམ་གཏོང་བཞིན་ཡོད་ལ། ཁུ་པཱ་ཡིས་དབྱི་ལིང་གིས་རང་ཉིད་ཀྱི་ལས་དབང་ཐག་གཅོད་དང་བདག་དབང་ལག་བསྟར་བྱེད་པའི་ཁེ་དབང་ལ་རྒྱབ་སྐྱོབ་བྱེད་པ་བསྐྱར་སྒྲོག་བྱས།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པ་དང་། ཕཱ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པ། སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།