ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་ཚེས་ལྔ་ཉིན་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་དགོས་མཁོར་འགན་སྲུང་བྱེད་པའི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་བཤད་རྒྱུར། ཉིས་སྟོང་ཉེར་གསུམ་ལོར་ཨུ་རུ་སིའི་ཁྲབ་ལྡན་འཁོར་ལོ་དང་མཚོན་ཆའི་ཐོན་ཚད་ལྡབ་གཉིས་ཀྱིས་ཇེ་མང་དུ་སོང་ཡོད་ལ། མཁའ་འགྲུལ་སྒྲིག་ཆས་དང་མི་བསྡད་མེད་པའི་གནམ་གྲུའ་ཐོན་ཚད་ལྡབ་གཅིག་གིས་ཇེ་མང་དུ་སོང་ཡོད་ཟེར།
མུས་ཧྲུའུ་སི་ཅིང་གིས་ཉིན་དེར་ཚོགས་ཐོག་ནས་བཤད་རྒྱུར། འདས་པའི་ཟླ་ངོ་བཅུ་གཅིག་གི་རིང་ལ། ཨུ་རུ་སིའི་འབྲེལ་ཡོད་ཐོན་རྫས་ཀྱི་ཐོན་ཚད་ན་ནིང་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ཅིང་། འཕྲིན་གཏོང་སྒྲིག་ཆས་དང་མཚོན་ཆ། གློག་རྡུལ་འཐབ་འཁྲུག་དང་མྱུལ་ཞིབ་སྒྲིག་ཆས་སོགས་ཀྱི་ཐོན་ཚད་ལྡབ་བཞི་ལྷག་འཕར་ཡོད་ལ། རླངས་འཁོར་གྱི་ཐོན་ཚད་ཕལ་ཆེར་ལྡབ་གཉིས་འཕར་ཡོད་ཟེར།
མུས་ཧྲུའུ་སི་ཅིང་གིས་ད་རུང་མཚམས་སྦྱོར་བྱས་དོན། ཨུ་རུ་སིའི་སྲིད་གཞུང་གིས་རྒྱལ་སྲུང་གི་ཐོན་ནུས་མཐོར་འདེགས་བྱེད་པ་དང་ངེས་པར་དུ་མཁོ་གལ་ཆེ་བའི་ཐོན་རྫས་ཀྱི་མཁོ་འདོན་ཐད་མ་དངུལ་འབོར་ཆེན་བཏང་ཡོད་ལ། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་དགོས་མཁོར་འགན་སྲུང་བྱེད་པར་ཞུགས་པའི་ཁེ་ལས་སུམ་བརྒྱ་དང་དྲུག་ཅུ་ལྷག་ཡོད་པ་དང་། དེར་ཞུགས་པའི་ལས་བཟོ་བ་འབུམ་ལྔ་དང་ཁྲི་གཉིས་ཙམ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།