མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་སྐབས་ཞེ་བཞི་པ་ཚེས་ལྔ་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་བསྡུས། གྲོས་ཚོགས་ནས་ཏའོ་ཧཱའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བ་དང་། ཅཱ་ཧྲ་ས་ཁུལ་ནས་མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་བཞག་སྟེ། ཕྱོགས་ཡོངས་དང་རྒྱུན་མཐུད་ངང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཡོད་ཚད་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
བསྒྲགས་གཏམ་ལས་ས་ཁུལ་དེ་ཉེན་ཁའི་འགྲན་རྩོད་ལ་འཕྲད་ཡོད་པ་ནན་བཤད་བྱས་པར་མ་ཟད། དབྱི་སི་རལ་གྱིས་གང་འདོད་དུ་ཅཱ་ཧྲ་ས་ཁུལ་ལ་འགས་གཏོར་བཏང་ནས་དྲག་ཤུགས་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་བར་རྒོལ་གཏམ་བཏང་། བསྒྲགས་གཏམ་ལས་གལ་ཏེ་དབྱི་སི་རལ་གྱིས་བཙན་འཛུལ་མཚམས་མ་བཞག་པར་འཁྲུག་རྩོད་དེ་རྒྱ་ཡན་དུ་བཏང་ན། ཉེན་ཁའི་མཇུག་འབྲས་འབྱུང་སྲིད་ལ། ས་ཁུལ་དེའི་མི་དམངས་ཀྱི་བདེ་འཇགས་དང་རྒྱལ་སྤྱིའི་ཞི་བདེ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པའི་ཉེན་བརྡ་བཏང་།
ཁཱ་ཐར་གྱི་རྒྱལ་ཁབ་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཚོགས་ཞུགས་ཕྱོགས་ཁག་སོ་སོས་ཕཱ་ལེ་སི་ཐན་གྱིས་སྒེར་ཚུགས་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱེད་དགོས་ཟེར།
ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཟླ་བཅུ་བའི་ཚེས་བདུན་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་ཁྲི་གཅིག་དང་སྟོང་དྲུག་ཉིས་བརྒྱ་ཞེ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བཞི་དང་སྟོང་གསུམ་ལྷག་ལ་རྨས་ཕོག་ཡོད། འདས་པོའི་གྲས་སུ་བྱིས་པ་སྟོང་བདུན་དང་བརྒྱ་བཅུ་གཉིས་ཡོད་ལ། བུད་མེད་སྟོང་བཞི་དང་བརྒྱད་བརྒྱ་གྱ་ལྔ་ཡོད། གཞན་ཡང་མི་སྟོང་བདུན་དང་དྲུག་བརྒྱ་ལྷག་གར་སོང་རྙེད་མེད། འཁྲུག་རྩོད་དེ་ལས་བསྡོམས་པས་སྨན་བཅོས་མི་སྣ་ཉིས་བརྒྱ་དང་གྱ་དྲུག་དང་དམངས་སྲུང་མི་སྣ་སོ་གཉིས། གསར་འགོད་པ་གྱ་གཅིག་བཅས་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།