ཕཱ་ལེ་སི་ཐན་གྱི་ནོར་སྲིད་བློན་ཆེན་པུས་ཧྲ་ལཱ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ཕཱ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་ནས་དྲང་བདེན་ངང་ཐག་གཅོད་བྱེད་པར་ནུས་པ་སྔར་ལས་ཆེན་པོ་འདོན་པར་དགའ་བསུ་དང་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཕཱ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གི་ཀྲུའུ་རིན་ཙུན་ཅི་ཞིན་གྱིས་ཉིན་དེར་པུས་ཧྲ་ལཱ་དང་མཉམ་དུ་ཀྲུང་གོའི་སྲིད་གཞུང་གིས་ཕཱ་ལེ་སི་ཐན་སྲིད་གཞུང་མ་དངུལ་རོགས་སྐྱོར་བྱེད་པའི་བརྒྱུད་སྤྲོད་དཔང་ཡིག་བཀོད། པུས་ཧྲ་ལཱ་ཡིས་ཕཱ་ལེ་སི་ཐན་གྱི་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་གནད་འགག་གི་སྐབས་སུ་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ནམ་རྒྱུན་ཕཱ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་རྒྱལ་སྤྱིའི་ཚོགས་ར་ནས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་པའི་དྲང་བདེན་གྱི་གཏམ་བཤད་སྤེལ་བར་གཟེངས་བསྟོད་ཆེན་པོ་བྱས།
ཙུན་ཅི་ཞིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཉེ་སྔོན་ཀྲུང་གོའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་སྐོར་གྱི་ལངས་ཕྱོགས་ཡིག་ཆ་སྤེལ་ཏེ། འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་ལག་བསྟར་བྱས་ཆོག་པའི་ཕྱོགས་བསྡུས་ཀྱི་ཇུས་གཞི་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་དུ་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་དང་། ཟོལ་མེད་ཀྱིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ལ་འགན་སྲུང་བྱེད་པ། ཕྱི་འབྲེལ་གྱི་བར་འདུམ་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱས་ནས་ཆབ་སྲིད་ལྟར་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།