མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་མི་འབྱུང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
2023.12.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དོན་ཚན་གོ་དགུ་བའི་གཏན་འཁེལ་གཞིར་བཟུང་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་འཕྲིན་ཡིག་བསྐུར་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཅཱ་ཧྲ་ས་ཁུལ་ནས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་མི་འབྱུང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤུགས་རྐྱེན་ཅི་ཡོད་བཀོལ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་དང་ཉམས་ཉེན་དེ་མཇུག་སྒྲིལ་བར་བྱེད་པའི་འགན་འཁྲི་ཡོད་ཟེར། ཁོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་སྔོན་འགོག་བྱེད་དགོས་པར་མ་ཟད། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱིས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་ཁྱབ་སྒྲོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དེ་ནི་ཀུའུ་ཐི་ལོས་སི་ཡིས་ཉིས་སྟོང་བཅུ་བདུན་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་སྒྲིག་ཡིག་གི་དོན་ཚན་དེ་བེད་སྤྱོད་བཏང་བ་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དོན་ཚན་གོ་དགུ་བའི་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཐེབས་པར་བསམ་པའི་དོན་དག་གང་ཡིན་ཡང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་མཉམ་འཇོག་བྱེད་དུ་བཅུག་ཆོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དོན་ཚན་དེ་བེད་སྤྱོད་བྱེད་པའི་སྣང་ཚུལ་ཧ་ཅང་ཉག་ཕྲ་བར་མངོན།


བསོད་ནམས་ཚེ་རིང་གིས་བསྒྱུར།