དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ཉིས་བརྒྱ་དང་ལྔ་བཅུར་འཇབ་རྒོལ་བྱས།
2023.12.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་དྲུག་ཉིན་འཐབ་འཁྲུག་གནས་ཚུལ་གྱི་སྤྱི་སྒྲོག་སྤེལ་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་ལྔ་ཉིན་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་ཉིས་བརྒྱ་དང་ལྔ་བཅུ་ཙམ་ལ་བར་སྣང་འཇབ་རྒོལ་བྱས་ཟེར།

སྤྱི་སྒྲོག་ལྟར་ན། འདས་པའི་ཉིན་གཅིག་གི་ནང་། དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲ་ས་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་ཀྱི་དམིགས་འབེན་ཉིས་བརྒྱ་དང་ལྔ་བཅུ་ཙམ་ལ་འགས་གཏོར་བཏང་བ་དང་། དེའི་ནང་ས་འོག་ཕུག་ལམ་དང་དྲག་ཆས་མི་སྣ། དེ་མིན་དམག་དོན་གྱི་རྨང་གཞིའི་སྒྲིག་ཆས་གཞན་པ་སོགས་འདུས་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་ལྔ་ཉིན་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏིས་ཨར་པཱ་ལཱ་ཧི་ས་ཁུལ་དུ་འཇབ་རྒོལ་བྱས་པ་དང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏིའི་དྲག་ཆས་མི་སྣ་མང་བོ་བསད་ཡོད་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ལྔ་ཉིན་ཅཱ་ཧྲ་ས་ཁུལ་གྱི་གནས་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ལྔ་ཉིན་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅེ་པཱ་ལེ་ཡེ་ཡུལ་གྱར་བའི་སྒར་སའི་སྡེ་ཁུལ་ཞིག་གི་ཉེ་འདབས་ཀྱི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་བཅུ་ཕྲག་འགར་ཤི་རྨས་བཟོ་ཡོད། ཚེས་དྲུག་ཉིན་གྱི་ཞོགས་པར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སའི་སྡོད་ཁང་གཉིས་ལ་འགས་གཏོར་བཏང་ནས། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་གསར་འགྱུར་གཞུང་སྒྲུབ་ཁང་གི་གཞི་གྲངས་ལྟར་ན། ཚེས་ལྔ་ཉིན་གྱི་དགོང་མོའི་བར། སྐོར་ཐེངས་འདིའི་འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་གྱི་མི་ཁྲི་གཅིག་དང་སྟོང་དྲུག་ལྷག་རྐྱེན་ལམ་དུ་ཤོར། ཕཱ་ལེ་སི་ཐན་གྱི་དམངས་སྲུང་སྡེ་ཁག་གིས་བཤད་རྒྱུར། མིག་སྔར་ཤི་རྨས་ཐེབས་པའི་མི་སྣ་མང་བོ་ཞིག་རོའི་འོག་ཏུ་མནན་ཡོད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར། སྐོར་ཐེངས་འདིའི་འཁྲུག་རྩོད་ལས་དབྱི་སི་རལ་གྱི་མི་སྟོང་གཅིག་དང་ཉིས་བརྒྱ་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།