ལིས་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་གྲོས་བསྡུར་བྱས།
2023.12.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ལིས་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཚེས་ལྔ་ཉིན་མའོ་སི་ཁོ་ནས་བསྡུས། ཨ་སེ་པེད་ཅང་དང་དབྱི་ལིང་། ཧཱ་སག་སི་ཐན། ཨུ་རུ་སི། ཐུའུ་ཁུའུ་མན་སི་ཐན་བཅས་རྒྱལ་ཁབ་ལྔའི་ཕྱི་འབྲེལ་བློན་ཆེན་གྱིས་ལི་ཧེ་རྒྱ་མཚོའི་མཉམ་ལས་འཕེལ་རྒྱས་ཀྱི་ནང་དོན་གཙོ་བོ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། མིག་སྔར་ལིས་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་ལྔའི་མཉམ་ལས་ཆུ་ཚད་མཐོ་ཡང་། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་སྤུས་ཚད་མཐོར་འདེགས་གཏོང་དགོས་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ལིས་ཧེ་མཚོ་ཁོངས་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་དང་ཁོར་ཡུག མི་གཞུང་། ཚན་རྩལ། སྐྱེལ་འདྲེན་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་སྐྱེལ་འདྲེན་རྒྱུ་ལམ་གསར་བསྐྲུན་བྱེད་པར་འཐབ་ཇུས་དོན་སྙིང་ལྡན། དེ་མིན་ལིས་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་དག་ཁོར་ཡུག་བདེ་འཇགས་དང་སྐྱེ་དངོས་ཐོན་ཁུངས་ཀྱི་སྲུང་སྐྱོབ་སོགས་ཁྱབ་ཁོངས་ནས་ཀྱང་འགྲན་རྩོད་ཚབས་ཆེན་ལ་འཕྲད་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། གྲོས་ཚོགས་ནས་གསལ་སྒྲོག་སྤེལ་ཏེ་རྒྱལ་ཁབ་ལྔས་ཉིས་སྟོང་བཅོ་བརྒྱད་ལོར་བཀོད་པའི་ལིས་ཧེ་མཚོ་ཁོངས་ཀྱི་བཅའ་ཁྲིམས་གོ་གནས་ཀྱི་སྤྱི་ཆིངས་ཀྱི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་པ་དང་། མཚོ་འགྲམ་རྒྱལ་ཁབ་དག་གིས་མ་འོངས་པར་རྒྱ་མཚོའི་ཚན་རིག་ཞིབ་འཇུག་དང་རྒྱ་མཚོའི་སྐྱེལ་འདྲེན། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་འཆར་འགོད་གཏན་འབེབས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།