དབྱི་ལིང་གི་ཙུང་ཐུང་གིས་ཨུ་རུ་སིར་འཚམས་འདྲི་བྱེད་རྒྱུ་རེད།
2023.12.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ལྔ་ཉིན་བཤད་རྒྱུར། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་ཚེས་བདུན་ཉིན་མའོ་སི་ཁོ་རུ་འཚམས་འདྲི་བྱས་ནས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ལྔ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ལའེ་ཞི་ཡིས་ཨུ་རུ་སིར་འཚམས་འདྲི་བྱེད་རྒྱུ་ཡིན་པ་བདེན་དཔང་བྱས།

དབྱི་ལིང་གི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར་ལའེ་ཞི་ཡིས་ཨུ་རུ་སིར་འཚམས་འདྲི་བྱེད་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་གཙོ་བོ་དབྱི་ལིང་དང་ཨུ་རུ་སིའི་འབྲེལ་བ་དང་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། འཚམས་འདྲིའི་དུས་ཡུན་ཉིན་གཅིག་ཡིན་ཟེར།

ན་ནིང་ཟླ་བདུན་པར། ཕུའུ་ཅིན་གྱིས་དབྱི་ལིང་དུ་འཚམས་འདྲི་བྱས། སྐབས་ཐོག་དེར་དབྱི་ལིང་གིས་ཨུ་རུ་སིའི་ནུས་ཁུངས་ཁེ་ལས་བར་སྤྱིའི་འབོར་གྲངས་མེ་སྒོར་ཐེར་ཆེན་བཞི་ཡིན་པའི་གྲོས་མཐུན་བཀོད་པ་དང་། དབྱི་ལིང་གི་རྡོ་སྣུམ་དང་སོལ་རླངས་སྔོག་འདོན་བྱེད་ས་མང་བོའི་གསར་སྤེལ་ལ་ཁེབས་ཡོད་པ་རེད།

ད་ལོའི་ཟླ་བཅུ་བར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་དབྱི་ལིང་གི་དཔོན་རིགས་དང་མཉམ་དུ་ཨུ་རུ་སི་དང་དབྱི་ལིང་གི་འབྲེལ་བའི་ཐད་ནས་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་སྐབས་དེར་བསྟན་དོན། ཨུ་རུ་སི་དང་དབྱི་ལིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲོས་མོལ་ཁྲོད་བརྒྱ་ཆའི་གྱ་ལྔ་ཙམ་གྱི་ལས་དོན་གྲོས་ཐག་བཅད་ཡོད་ལ། ཕྱོགས་གཉིས་ཀྱིས་བྱེ་བྲག་གི་གནད་དོན་གཞན་པ་རེ་འགར་གྲོས་མོལ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།