ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་ཡིས་ཚེས་དྲུག་ཉིན་ཨ་པུའུ་ཀྲ་པུས་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད། ཝུའུ་ཁི་ལན་གྱི་ཉམས་ཉེན། མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་ཚོགས་ཆེན་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ལ་གྲོས་བསྡུར་བྱས།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཐུན་མོང་སེམས་ཁུར་བྱེད་པའི་གནད་དོན་དང་ཁྱད་པར་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་ཀྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། ཅཱ་ཧྲའི་མི་དམངས་ལ་དུས་ཡུན་རིང་བོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐོབ་ཏུ་འཇུག་པར་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་། ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་གཞིར་བཟུང་ནས་ས་ཁུལ་དེར་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་མདུན་ལྗོངས་བཟང་བོ་ཞིག་འཚོལ་དགོས་ཟེར།
ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཛམ་གླིང་སྟེང་གི་འཁྲུག་རྩོད་ཚང་མ་ཐག་གཅོད་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་ལ། དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཞི་བདེ་དང་མཉམ་ལས། ས་ཁུལ་དང་འཛམ་གླིང་ཧྲིལ་བོའི་གཏན་འཇགས་ལ་རྒྱབ་སྐྱོར་བྱེད་པའི་དུས་ཡུན་རིང་བོའི་སྲིད་ཇུས་དང་འཚམ་པ་ཡིན་ཟེར།
ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ད་རུང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་ཚོགས་ཆེན་གྱི་གནས་ཚུལ་གསར་བར་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་ཚོགས་ཆེན་གྱིས་ནམ་ཟླའི་གནད་དོན་ཐག་གཅོད་བྱེད་པ་དང་། རྒྱལ་སྤྱིའི་ནམ་ཟླའི་འགུལ་སྐྱོད་ཁྲོད་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་པའི་རེ་བ་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།