ཧང་ག་རིའི་ཆེད་མཁས་པས་ཡོ་རོབ་གླིང་དང་ཀྲུང་གོས་གྲོས་མོལ་ལ་ཤུགས་སྣོན་པ་དེས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་ཐད་སྒུལ་ཤུགས་ཁ་སྣོན་བྱས་ཡོད་པའི་ཚུལ་བསྟན།
2023.12.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཧང་ག་རིའི་སཱ་ཙོ་ཏི་ཝེ་ཀི་ཞིབ་འཇུག་ཁང་ཆབ་སྲིད་དབྱེ་ཞིབ་ལྟེ་གནས་ཀྱི་ཀྲུའུ་རིན་ཅི་སེ་དབྱེ་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོའི་བར་དཔལ་འབྱོར་མཉམ་ལས་བཟང་བོ་སྤེལ་ནས་ཀྲུང་གོའི་བར་གྱི་འབྲེལ་བ་ཆད་པར་སྔོན་འགོག་བྱེད་བཞིན་ཡོད། ཡོ་རོབ་གླིང་དང་ཀྲུང་གོས་གྲོས་མོལ་དང་མཉམ་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་ཐད་སྒུལ་ཤུགས་སྣོན་དགོས་ཟེར།

ཅི་སེ་དབྱེ་ཡིས་བསྟན་དོན། ཀྲུང་གོ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཞིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབོར་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ཡོད་ལ། ཀྲུང་གོའི་བར་གྱི་འབྲེལ་བ་གཅོད་པ་ནི་ནོར་འཆུག་བྱ་སྤྱོད་ཅིག་ཡིན་པ་དང་། དེས་ཡོ་རོབ་གླིང་མནའ་འབྲེལ་ལའང་གནོད་པ་ཐེབས་སྲིད་ཟེར།

ཅི་སེ་དབྱེ་ཡིས་བསྟན་དོན། སཱ་ཙོ་ཏི་ཝེ་ཀི་ཞིབ་འཇུག་ཁང་གིས་ད་ལོའི་སྟོན་ཁར་སྤེལ་བའི་དམངས་ཀྱི་འདོད་བློའི་རྟོག་ཞིབ་མཇུག་འབྲས་ཤིག་ལས་མངོན་པ་ལྟར་ན། སུམ་ཆའི་གཉིས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་མང་ཚོགས་མང་ཆེས་བས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོར་བྱེད་ཐབས་ནན་མོ་སྤྱོད་མི་རུང་བ་དང་། ཧུར་ཐག་སྒོས་ཀྲུང་གོའི་བར་དཔལ་འབྱོར་མཉམ་ལས་སྤེལ་དགོས་པར་འདོད་ཡོད། ཧང་ག་རི་ནས་ལངས་ཕྱོགས་དེ་འདྲ་འཛིན་མཁན་གྱི་བསྡུར་ཚད་བརྒྱ་ཆའི་དོན་དགུར་བསླེབས་ཡོད་ཟེར།

ཅི་སེ་དབྱེ་ཡིས་ཡོ་རོབ་གླིང་དང་ཀྲུང་གོའི་ཁེ་ལས་ཀྱིས་མཉམ་ལས་སྤེལ་བར་གཟེངས་བསྟོད་བྱས་པ་དང་། ཁོས་གློག་སྒུལ་རླངས་འཁོར་གྱི་ཁྱབ་ཁོངས་ནས། འཇར་མན་གྱི་ཁེ་ལས་དང་ཀྲུང་གོའི་ཁེ་ལས་ཀྱིས་མཉམ་ལས་བྱས། ཀྲུང་གོའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་གློག་གཡིས་ཀྱིས་འཇར་མན་གྱི་གློག་སྒུལ་རླངས་འཁོར་གྱི་བྱེད་ནུས་སྔར་ལས་ཇེ་ལེགས་སུ་འགྲོ་བར་རམ་འདེགས་བྱས་ཡོད་ལ། དེ་ནི་ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་གཉིས་ཕན་གྱི་དཔེ་གཞི་ཞིག་རེད་ཟེར། ཅི་སེ་དབྱེ་ཡིས་བལྟས་ན། མ་འོངས་པར་ཡོ་རོབ་གླིང་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། གཞི་གྲངས་ཅན་གྱི་སྒྲིག་ཆས། རླངས་འཁོར་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར། ཅི་སེ་དབྱེ་ཡིས་བལྟས་ན། ཡོ་རོབ་གླིང་དང་ཀྲུང་གོས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རང་རང་གི་ཚོང་ར་སྒོ་འབྱེད་བྱས་ཏེ། ཐུན་མོང་གི་ཚད་གཞི་གཏན་འབེབས་བྱས་ནས་རྩོད་གླེང་ཐག་གཅོད་བྱས་ནས། ཡོ་རོབ་གླིང་དང་ཀྲུང་གོག་ཕྱོགས་གཉིས་ཀྱི་ཉོ་ཚོང་འཕེལ་རྒྱས་དང་འཛམ་གླིང་དཔལ་འབྱོར་སླར་གསོའི་ཐད་གསོན་ཤུགས་རྒྱས་པར་བྱེད་དགོས་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།