ཐུར་ཁེའི་ཙུང་ཐུང་གིས་ཞི་ལཱ་རུ་འཚམས་འདྲི་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་བརྩོན་ལེན་བྱས།
2023.12.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བདུན་ཉིན་ཞི་ལཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་ཏེ། ཞི་ལཱའི་མགོ་ཁྲིད་པ་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་སྔ་གཞུག་ཏུ་ཞི་ལཱའི་ཙུང་ཐུང་སཱ་ཁི་ལཱ་ལོ་ཕུའུ་ལུའུ་དང་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་གཉིས་དང་གྲོས་མོལ་བྱས་པར་མ་ཟད། ཐུར་ཁེའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཞི་ལཱ་ཕྱོགས་དང་མཉམ་དུ་མཐོ་རིམ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་ཡཱ་ཏེན་མཛའ་མཐུན་ཁྱིམ་མཚེས་ཀྱི་བསྒྲགས་གཏམ་བཀོད།

ཨེ་ཨར་ཏའོ་ཨན་གྱིས་མུས་ཙོ་ཐཱ་ཅི་སི་དང་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཡཱ་ཏེན་མཛའ་མཐུན་ཁྱིམ་མཚེས་ཀྱི་བསྒྲགས་གཏམ་ལས་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སེམས་འདུན་མཚོན་ཡོད་པ་དང་། ཐེངས་འདིའི་འཚམས་འདྲི་ལས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོར་ཤུགས་སྣོན་བྱེད་ཐུབ་པའི་རེ་བ་བཅངས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ལོ་རེར་ཉུང་མཐར་ཡང་མཐོ་རིམ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་རེ་སྤེལ་རྒྱུའི་གྲོས་གཞི་བཏོན།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་མིག་སྔའི་མེ་སྒོར་ཐེར་འབུམ་ལྔ་ནས་མེ་སྒོར་ས་ཡ་གཅིག་ལ་ཇེ་མཐོར་འགྲོ་བར་བརྩོན་ལེན་བྱེད་རྒྱུར་འཐད་པ་བྱུང་། ཁོས་ད་རུང་བཤད་རྒྱུར། ཐུར་ཁེ་ཡིས་གནས་སྐོར་དང་རིག་གནས་ཁྱབ་ཁོངས་ནས་ཞི་ལཱའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

མུས་ཙོ་ཐཱ་ཅི་སི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དེ་ནི་ལོ་ངོ་བདུན་གྱི་ནང་ཞི་ལཱ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཐོག་དང་པོར་མཐོ་རིམ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་ཡིན་ལ། དེ་ལས་རྒྱལ་ཁབ་གཉིས་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་འབྲེལ་བ་འཚོལ་ཞིབ་བྱེད་འདོད་ཡོད་པ་མཚོན་ཡོད་ཟེར། ཁོས་བསྟན་དོན། ཞི་ལཱ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཞི་བདེ་མཉམ་ལས་བྱེད་པ་དང་། ཕན་ཚུན་བར་གྱི་འགལ་བ་གསལ་བོར་བརྗོད་ནས་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཆོག་ཟེར།

མུའུ་ཙོ་ཐཱ་ཅི་སི་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་གྲོས་མོལ་བྱས་པ་བརྒྱུད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་ཡིད་ཆེས་ཀྱི་རྨང་གཞི་རྒྱ་བསྐྱེད་དགོས། ཆ་རྐྱེན་འཛོམས་པའི་སྐབས་སུ་ཕྱོགས་གཉིས་ཀྱིས་ཨེ་ཆིན་ཧེ་དང་ས་དཀྱིལ་མཚོ་ཁོངས་ཤར་མའི་སྐམ་ས་དང་ཆེད་གཏོགས་དཔལ་འབྱོར་ས་ཁུལ་གྱི་བར་མཚམས་དགར་བའི་གནད་དོན་ལ་གྲོས་བསྡུར་བྱས་ཆོག་ཟེར།

འཚམས་འདྲི་བྱེད་སྐབས་ཞི་ལཱ་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་ད་རུང་སེ་ཕུའུ་ལུའུ་སི་དང་གྲངས་ཉུང་མི་རིགས། དབུས་ཤར་གྱི་གནས་བབ་སོགས་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།