སེ་ཧྲི་ཨར་གྱི་བཟོ་སྐྲུན་ཀུང་ཟི་ཞིག་གི་འགད་རྫས་འཇོག་སའི་མཛོད་ཁང་ལ་འགས་གཏོར་བྱུང་བ་དང་རྒྱལ་ཁབ་དེར་བསྟུད་མར་ཆར་བ་བབས་པ་ལས་ཆུ་ལོག་གི་གནོད་འཚེ་བྱུང་བའི་དབང་གིས། སེ་ཧྲི་ཨར་གྱི་ཙུང་ཐུང་ལཱ་མུའུ་ཁཱ་ལཱ་ཝང་གིས་ཚེས་བདུན་ཉིན་སེ་ཧྲི་ཨར་རྒྱལ་ཁབ་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
སེ་ཧྲི་ཨར་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉིན་སྤྱི་སྒྲོག་སྤེལ་ཏེ། མཛོད་ཁང་ལ་འགས་གཏོར་བྱུང་བ་ལས་ཕུའུ་ལོ་ཝེ་ཏིན་སི་བཟོ་ལས་ས་ཁུལ་དང་ཉེ་འཁོར་ས་ཁུལ་དུ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་ལ། དེའི་ཞོར་དུ་དྲག་ཆར་བབས་པ་ལས་བྱུང་བའི་ཆུ་ལོག་གིས་ཀྱང་གཏོར་བརླག་ཆེན་པོ་བཟོས་ཡོད་པས། ཙུང་ཐུང་གིས་རྒྱལ་ཁབ་ཀྱི་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། གནད་འགག་ཞབས་ཞུའི་ལས་རིགས་ཀྱི་མི་སྣ་དང་གནས་སྐོར་བྱེད་པའི་མི་སྣ་དག་རང་དབང་གིས་འགྲོ་འོང་བྱས་ཆོག་པ་ལས་གཞན་པའི་མི་སྣ་ཚང་མ་རང་ཁྱིམ་ནས་སྡོད་དགོས་པའི་རེ་བ་བཏོན་ཡོད། དེ་ལས་གཞན་རྒྱལ་ཡོངས་སློབ་གྲྭ་ཚང་མས་གནས་སྐབས་སུ་སྒོ་བརྒྱག་དགོས་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་འགས་གཏོར་བྱུང་སའི་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། གཞན་ཡང་སེ་ཧྲི་ཨར་གྱི་སྨན་བཅོས་སྡེ་ཁག་གི་གཞི་གྲངས་ལྟར་ན། འགས་གཏོར་དེ་ལས་མི་བརྒྱ་དང་དོན་བརྒྱད་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།