འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོང་རའི་མགོ་གཙོའི་གྲོས་ཚོགས་ཐེངས་རེ་གསུམ་པ་ཚེས་བདུན་ཉིན་པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་ནས་བསྡུས། དེའི་སྐབས་སུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོང་ར་དང་སིང་ག་ཕོར་གྱིས་རང་དབང་ཉོ་ཚོང་གྲོས་ཆོད་དངོས་སུ་བཀོད།
གྲོས་ཆོད་ལྟར་ན། སིང་ག་ཕོར་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོང་རར་ནང་འདྲེན་བྱེད་པའི་ཐོན་རྫས་ཚང་མའི་སྒོ་ཁྲལ་མེད་པར་གཏོང་རྒྱུ་ཡིན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོང་རས་སིང་ག་ཕོར་ནས་ནང་འདྲེན་བྱས་པའི་བརྒྱ་ཆའི་གོ་ལྔ་ལྷག་གི་ཐོན་ལས་ལ་སྒོ་ཁྲལ་མེད་པར་གཏོང་རྒྱུ་ཡིན་ལ། སྒོ་ཁྲལ་མེད་པར་གཏོང་བ་དེ་ལོ་བཅོ་ལྔའི་ནང་རིམ་བཞིན་ལག་བསྟར་བྱེད་རྒྱུ་རེད། གྲོས་ཆོད་དེ་དངོས་ཟོང་དང་དངུལ་གཏོང་། ཁེ་ལས་ཆུང་འབྲིང་། ཐུན་མོང་ཉོ་སྡུད། ཤེས་བྱའི་ཐོན་དབང་། འཕྲོད་བསྟེན་དང་སྐྱེ་དངོས་ཀྱི་རིམས་འགོག་བྱེད་ཐབས་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་
དེ་ལས་གཞན་མཐོ་རིམ་གྲོས་ཚོགས་ནས་ད་རུང་མཉམ་དུ་ཕྱི་ཕྱོགས་སྒོ་ཁྲལ་དང་རླངས་འཁོར་ལས་རིགས་ཀྱི་འཕེལ་རྒྱས། ཁོངས་གཏོགས་རྒྱལ་ཁབ་ཀྱི་དགོས་མེད་ཀྱི་བཀག་རྒྱའི་ལྟ་རྟོག དེ་མིན་གཏེར་ལས་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་ཉོ་ཚོང་རང་དབང་ཅན་སོགས་གྲོས་གཞི་འཐུས་ཚང་དུ་གཏོང་བར་གྲོས་བསྡུར་བྱས།
གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོའི་ཟླ་གསུམ་པར། ཨ་ཀིན་ཐིན་དང་པཱ་ཞི། པཱ་ལཱ་ཀུའེ། ཝུ་ར་ཀུའེ་བཅས་རྒྱལ་ཁབ་བཞིའི་ཙུང་ཐུང་གིས་པཱ་ལཱ་ཀུའེ་ཡི་རྒྱལ་ས་ཡཱ་སུང་སིན་ནས་ཡཱ་སུང་སིན་ཆིངས་ཡིག་བཀོད་དེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོང་ར་བཙུགས་པ་ཁྱབ་བསྒྲགས་བྱས། གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཟླ་དང་པོར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཚོང་ར་དངོས་སུ་མགོ་བརྩམས་པ་རེད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུ་མོང་ཚོང་ར་ནི་ལཱ་ཏེན་མེ་གླིང་ས་ཁུལ་གྱི་ཆེས་གལ་ཆེ་བའི་དཔལ་འབྱོར་གཞི་གཅིག་ཅན་གྱི་རྩ་འཛུགས་ཤིག་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།