ཡོ་རོབ་གླིང་མནའ་འབྲེལ་གྱིས་ནོར་སྲིད་འཆར་འགོད་ཀྱི་བཅོས་བསྒྱུར་ཐད་ནས་གྲོས་མཐུན་བཀོད་མེད།
2023.12.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ནོར་སྲིད་པུའུ་ཀྲང་གིས་ཚེས་བརྒྱད་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་མེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སི་ཕན་གྱི་དཔལ་འབྱོར་བློན་ཆེན་ཁཱ་ཨར་ཝེ་ནེ་ཨོ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་གྱིས་ཟླ་འདིའི་ནང་ཡང་བསྐྱར་གནད་དོན་དེའི་ཐད་ནས་གྲོས་ཚོགས་བསྡུ་ངེས་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་གྱིས་ཚེས་བདུན་ཉིན་ནས་བཟུང་ཡོ་རོབ་གླིང་གི་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པར་གྲོས་བསྡུར་བྱེད་མགོ་བརྩམས། ཡུན་རིང་བོར་གྲོས་མོལ་བྱས་པ་བརྒྱུད། ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་དག་གིས་ཚེས་བརྒྱད་ཉིན་ཐུན་མོང་ལངས་ཕྱོགས་ཐད་ནས་གྲོས་འཆམ་བྱུང་མེད། འཇར་མན་གཙོ་བྱས་པའི་རྒྱལ་ཁབ་སྐོར་ཞིག་དང་ཧྥ་རན་སི་གཙོ་བྱས་པའི་རྒྱལ་ཁབ་རེ་འགས་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་ཐད་ལྟ་ཚུལ་མི་འདྲ་བ་བཟུང་ཡོད་ཟེར།

འཇར་མན་སོགས་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འགྲོ་སོང་ཇེ་ཉུང་དུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་རེད། འཇར་མན་རྒྱལ་ཁབ་ཀྱི་ནོར་སྲིད་བློན་ཆེན་ལིན་ཏི་ནཱ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཀྱང་། མཇུག་མཐའི་གྲོས་མཐུན་གྱི་བྱེ་བྲག་གི་ཁ་གྲངས་ཐད་བྱ་བ་མང་བོ་བསྒྲུབ་དགོས་ཟེར།

ཧྥ་རན་སི་སོགས་རྒྱལ་ཁབ་ཀྱིས་ཕྱིར་ལྡོག་ཆེན་མོ་ཞིག་ལ་རེ་བ་བྱས་ཡོད་པ་དང་། རྒྱལ་ཁབ་སོ་སོས་དངུལ་གཏོང་ཇེ་མང་དུ་གཏོང་བར་ཆོག་མཆན་བཀོད། ཧྥ་རན་སིའི་ནོར་སྲིད་བློན་ཆེན་ལེ་མེ་ཨར་གྱིས་ནོར་སྲིད་སྒྲིག་སྲོལ་གྱི་བཅོས་བསྒྱུར་མདུན་ལྗོངས་ལ་དགའ་སྤྲོའི་རྣམ་འགྱུར་བཟུང་ཡོད་ལ། ད་ལོའི་ལོ་མཇུག་གི་སྔོན་ལ་གྲོས་མཐུན་འགོད་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

ཁཱ་ཨར་ཝེ་ནེ་ཨོ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་གྱིས་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་གཟའ་འཁོར་གཅིག་གི་རིང་ཡང་བསྐྱར་གྲོས་ཚོགས་བསྡུས་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པའི་ཐད་ནས་གྲོས་མཐུན་འགོད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།