དབྱི་རག་བྱང་ཕྱོགས་ཀྱི་སློབ་ཆེན་ཞིག་གི་མལ་ཁང་ཐོག་ཁང་དུ་མེ་སྐྱོན་བྱུང་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།
2023.12.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་ཨེ་ཨར་པུས་ལེ་ཞིང་ཆེན་གྱི་སུའུ་ལན་གྲོང་རྡལ་གྱི་སུའུ་ལན་སློབ་ཆེན་གྱི་མལ་ཁང་ཐོག་ཁང་ཞིག་ཏུ་ཚེས་བརྒྱད་ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་བརྒྱད་ལ་རྨས་ཕོག་ཟེར།

སུའུ་ལན་གྲོང་རྡལ་གྱི་འཕྲོད་བསྟེན་ཅུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། མེ་སྐྱོན་བྱུང་བའི་དགེ་སློབ་ཀྱི་མལ་ཁང་ཐོག་ཁང་དེ་ནི་བརྩེགས་རིམ་ལྔ་ཅན་གྱི་ཐོག་ཁང་ཞིག་ཡིན་པ་དང་། ཉིན་དེའི་དགོང་མོར་བརྩེགས་རིམ་གསུམ་པ་དང་བརྩེགས་རིམ་བཞི་བ་ནས་མེར་འབར་བ་ཡིན་ལ། དེའི་རྗེས་སུ་ཐོག་ཁང་ཧྲིལ་བོར་མེ་མཆེད་པ་རེད། མི་མང་བོར་ཤི་རྨས་བཟོས་པ་དང་། དེའི་ནང་མང་ཆེ་བ་ནི་སློབ་མ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མེ་སྐྱོན་དེ་དམངས་སྲུང་སྡེ་ཁག་གིས་བསད་པ་དང་། ཐོག་མའི་རྟོག་ཞིབ་བྱས་པ་ལས་མེ་སྐྱོན་དེ་ནི་གློག་ལམ་ལས་བྱུང་བ་ཡིན་པ་རེད་ཟེར།

ཁུའུ་ཨར་ཏི་ས་ཁུལ་གྱི་སྲིད་གཞུང་གི་ཙུང་ལི་པཱ་ཨར་ཀྲ་ནེ་ཡིས་བཀའ་རྒྱ་བཏང་སྟེ། ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་པའི་རེ་བ་བཏོན་ཡོད་ལ། ནུས་པ་ཡོད་ཚད་བཏོན་ནས་མེ་སྐྱོན་གྱི་གནོད་པ་ཐེབས་པའི་མི་སྣ་སྐྱོབ་དགོས་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།