ཕུའུ་ཅིན་གྱིས་ཉིས་སྟོང་ཉེར་བཞི་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུའི་ཚུལ་བསྟན།
2023.12.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ད་ལྟའི་ཨུ་རུ་སིའི་འཕྲིན་གཏོང་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཉིས་སྟོང་ཉེར་བཞི་ལོའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུའི་ཚུལ་བསྟན་ཡོད་ཟེར།

བསྒྲགས་པ་ལྟར་ན། ཕུའུ་ཅིན་ཉིན་དེར་ཁི་ལི་མུའུ་ལིན་ཕོ་བྲང་ནས་མེས་རྒྱལ་གྱི་དཔའ་བོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་བསྟན་དོན། མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་མཁན་ཞིག་གིས་ཕུའུ་ཅིན་ཉིས་སྟོང་ཉེར་བཞི་ལོའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པའི་རེ་བ་བཏོན་པ་དང་། ཕུའུ་ཅིན་གྱིས་ཁོར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུའི་ཚུལ་བསྟན།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྟན་དོན། ཕུའུ་ཅིན་གྱི་སྐོར་ཐེངས་གསར་བའི་ཙུང་ཐུང་འདེམ་བསྐོའི་འགྲན་རྩོད་བྱ་འགུལ་དོན་དངོས་སུ་མགོ་བརྩམས་ཡོད་ཀྱང་། བཅའ་ཁྲིམས་ཀྱི་ཐད་ནས་བཤད་ན་མགོ་བརྩམས་མེད་ལ། ཕུའུ་ཅིན་གྱིས་ཙུང་ཐུང་འདེམ་སྒུག་མི་སྣར་ཐོ་འགོད་བྱས་མེད་པས་ཡིན་ཟེར།

ཨུ་རུ་སིའི་ཀྲུང་དབྱང་འཕྲིན་གཏོང་ཁང་གི་ཀྲུའུ་ཞི་ཕཱ་མུའུ་ཧྥེ་ལོ་ཝ་ཡིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཉིས་སྟོང་ཉེར་བཞི་ལོའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་པ་དང་། ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་སྤེལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།