དུས་ཡུན་ཉིན་གསུམ་ཡིན་པའི2023ལོའི་འབར་མའི་རྒྱལ་སྤྱིའི་འཁེལ་ཐག་དང་འཕྲུལ་ཆས་འགྲེམ་སྟོན་དེ་ཚེས་བརྒྱད་ཉིན་དབྱང་ཀོང་ནས་སྤེལ། འགྲེམ་སྟོན་གྱིས་འབར་མ་དང་ཀྲུང་གོ་སོགས་རྒྱབ་ཁབ་ཀྱི་འཁེལ་ཐག་གྱོན་ཆས་ལས་རིགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། འབར་མའི་འཁེལ་ཐག་གྱོན་ཆས་ལས་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་རོགས་ཤུགས་འདོན་པ་གཙོར་བཟུང་ཡོད།
ཐེངས་འདིའི་འགྲེམ་སྟོན་དབྱང་ཀོང་འགྲེམ་སྟོན་ལྟེ་གནས་ནས་སྤེལ་བ་དང་། ཀྲུང་གོའི་འཁེལ་ཐག་རྒྱུ་ཆ་དང་། གྱོན་ཆས། ལྷམ་སོགས་ཐོན་སྐྱེད་ཚོང་ཁང་བརྒྱ་ལྷག་གིས་ཐོན་རྫས་འགྲེམ་སྟོན་བྱས་ཡོད་ལ། ཡོ་རོབ་མནའ་འབྲེལ་དང་འཇར་པན། ཧན་གོ་སོགས་ཀྱི་གྱོན་ཆས་ཁེ་ལས་ཀྱང་འགྲེམ་སྟོན་ལ་ཞུགས་ཡོད། དེ་ལས་གཞན། ཀྲུང་གོའི་གྱོན་ཆས་ཚོང་རྟགས་གྲགས་ཅན་ཉི་ཤུ་ལྷག་ཀྱང་འགྲེམ་སྟོན་ལ་ཞུགས་ནས་འབར་མའི་གྱོན་ཆས་ཁེ་ལས་དང་མཉམ་ལས་བྱེད་པར་གྲོས་མོལ་བྱས།
དབྱང་ཀོང་ཞིང་ཆེན་གྱི་དབུ་འཛིན་པུའུ་ཀྲང་སོ་ཏིན་གྱིས་མགོ་རྩོམ་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འཁེལ་ཐག་གྱོན་ཆས་ལས་རིགས་ཀྱིས་འབར་མ་རུ་ལས་ཞུགས་ལས་གནས་འབུམ་ལྔ་ལྷག་གསར་དུ་བཏོད་ཡོད་ལ། ཐེངས་འདིའི་འགྲེམ་སྟོན་གྱིས་འགྲེམ་ཞུགས་ཚོང་བར་ལག་རྩལ་ཉམས་མྱོང་བརྗེ་རེས་དང་གསར་གཏོད་སྟེགས་བུ་འདོན་སྤྲོད་བྱས་ནས། འགྲེམ་ཞུགས་ཚོང་བར་རོགས་བྱས་ཏེ་ཚོང་ལས་དྲ་བ་རྒྱ་སྐྱེད་དང་སྐུ་མགྲོན་གསར་བ་བསྡུ་འགུག་བྱས་ཡོད་ཟེར།
ཀྲུང་གོའི་འབར་མ་རུ་སྡོད་པའི་གཞུང་ཚབ་ཁང་གི་ཚོང་གཉེར་ཚན་ཙན་ཨོ་དབྱང་ཏའོ་པེན་གྱིས་ཞུ་ཚིག་ཁྲོད་བཤད་རྒྱུར། ཀྲུང་གོ་ནི་འབར་མའི་གྱོན་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཆེས་དམ་ཟབ་ཀྱི་མཉམ་ལས་གྲོགས་པོ་ཡིན་ལ། འབར་མའི་གྱོན་ཆས་བཟོ་སྐྲུན་ལས་རིགས་ཀྱི་བརྒྱ་ཆའི་དྲུག་ཅུའི་ཡོངས་ཁུངས་ཀྲུང་གོ་ཡིན་པས། འགྲེམ་སྟོན་གྱིས་ཀྲུང་གོ་དང་འབར་མའི་འཁེལ་ཐག་ལས་རིགས་བར་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་ཞིག་དངོས་སུ་བསྐྲུན་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འཁེལ་ཐག་གྱོན་ཆས་ཀྱིས་ཐོན་ལས་ཕྲེང་འབྲེལ་བར་མཉམ་ལས་སྤེལ་བར་སྐུལ་འདེད་གཏོང་བའི་རེ་བ་བྱས་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།