ཀྲུང་གོ་དང་ཨ་མེ་རི་ཁའི་སློབ་གསོའི་སྡེ་ཁག་གི་མི་སྣས་རྒྱལ་སྤྱིའི་སློབ་གསོའི་བརྗེ་རེས་མཉམ་ལས་སྐོར་བགླེ་གླེང་བྱས།
2023.12.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

ཨ་མེ་རི་ཁའི་ཁོ་ལོམ་པི་ཡ་སློབ་ཆེན་སློབ་གསོའི་སློབ་གླིང་རྒྱལ་སྤྱིའི་ཞིབ་འཇུག་སོ་ཡི་ལོ་བརྒྱའི་རྗེས་དྲན་གྱི་རིགས་གཞུང་བགྲོ་གླེང་གྲོས་ཚོགས་དེ་ཚེས་བརྒྱད་ཉིན་ཉིག་ཡོའེ་རུ་བསྡུས། ཀྲུང་གོ་དང་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་ཆེད་ལས་མཁས་པས་མཐོ་རིམ་སློབ་གསོའི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་དང་། རྒྱལ་སྤྱིའི་སློབ་གསོའི་གཞུང་ལུགས་དང་ལག་ལེན། རིག་ཚན་བརྒལ་བའི་ཟུར་ཚད་བཅས་ནས་རྒྱལ་སྤྱིའི་སློབ་གསོའི་འཕེལ་རྒྱས་སོགས་གླེང་གཞི་བྱས་ཏེ་བརྗེ་རེས་དང་བགྲོ་གླེང་བྱས།

ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་ཀྱིས་རིག་གནས་སློབ་གསོའི་བརྗེ་རེས་ཀྱིས་ཐུན་མོང་ཁེ་ཕན་ལ་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བཟུང་ཡོད་ལ།  ཁོ་ལོམ་པི་ཡ་སློབ་ཆེན་སློབ་གསོའི་སློབ་གླིང་གི་ཀྲུང་གོའི་སློབ་གསོ་ཞིབ་འཇུག་ལྟེ་གནས་དང་སློབ་གསོའི་སློབ་གླིང་གི་འཛམ་གླིང་ཧྲིལ་པོའི་ལས་དོན་གཞུང་སྒྲུབ་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། ཁོ་ལོམ་པི་ཡ་སློབ་ཆེན་སློབ་གསོའི་སློབ་གླིང་རྒྱལ་སྤྱིའི་ཞིབ་འཇུག་སོ་དེ་གཅིག་སྟོང་དགུ་བརྒྱ་ཉེར་གསུམ་ལོར་བཙུགས་པ་དང་། རྒྱལ་སྤྱིའི་སློབ་མར་ཁ་ཕྱོགས་ནས་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་ལ། རྒྱལ་ཁབ་སོ་སོའི་སློབ་གསོའི་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་ཡོད། 1938ལོའི་རྗེས་སུ། རྒྱལ་སྤྱིའི་ཞིབ་འཇུག་སོ་དེ་ཁེར་ཚུགས་ཀྱི་ལས་ཁུངས་ཞིག་མིན་ཡང་སྲོག་ཤིང་འདུ་ཤེས་དང་བྱེད་ནུས་སྔར་བཞིན་རྒྱུན་འཛིན་བྱས་ཡོད་པ་རེད།

ཁོ་ལོམ་པི་ཡ་སློབ་ཆེན་སློབ་གསོའི་སློབ་གླིང་གི་ཀྲུང་གོའི་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རིན་ཁྲིན་ཧི་ནན་གྱིས་བཤད་རྒྱུར། རྒྱལ་སྤྱིའི་ཞིབ་འཇུག་སོ་བཙུགས་པའི་དུས་སྐབས་སྔོན་མར། ཀྲུང་གོའི་སློབ་མས་ཕྱི་འགྲིམ་སློབ་མ་ཡོངས་ཀྱི་ཁྲོད་ནས་སྡུར་ཚད་ཆེས་མང་བ་ཟིན་པ་དང་། ཁོ་ཚོས་སློབ་སྦྱོང་བྱས་རྗེས་ཕྱིར་རང་རྒྱལ་དུ་ལོག་ནས་སློབ་གསོའི་ལས་དོན་ལ་གཞོལ་བ་དང་། དེའི་ཁྲོད་ཀུན་ལ་གྲགས་པའི་སློབ་གསོ་པའང་ཡོད་ཟེར།

ཁོ་ལོམ་པི་ཡ་སློབ་ཆེན་སློབ་གསོའི་སློབ་གླིང་གི་རིགས་གཞུང་གླིང་གཙོ་གཞོན་པ། སློབ་ཁྲིད་མགོ་འཛིན་ཁི་ལིས·ཨོ་མུས་ལཱ་ཡིས་མགོ་རྩོམ་ཞུ་ཚིག་འབུལ་སྐབས་རྒྱལ་སྤྱིའི་ཞིབ་འཇུག་སོ་ཡི་འཕེལ་རྒྱས་བརྒྱུད་རིམ་ཕྱིར་དྲན་བྱས་ཤིང་། རྒྱལ་ཁབ་སོ་སོས་ཕན་ཚུན་རྒྱུས་ལོན་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བའི་ཕྱོགས་ལ་ནུས་པ་གལ་ཆེན་བཏོན་ཡོད་ཟེར།

ཀྲུང་གོའི་ཉིག་ཡའོ་རུ་སྡོད་པའི་སྤྱི་ཁྱབ་ལས་འཛིན་པ་ཧོང་ཕིན་བགྲོ་གླེང་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་མཐོ་རིམ་སློབ་གསོའི་བརྗེ་རེས་མཉམ་ལས་ཐད་གྲོས་གཞི་གསུམ་བཏོན། གཅིག་ནི་བརྗེ་རེས་ལ་སྔར་ལས་ཤུགས་བསྣན་ཏེ། དངོས་གཉེར་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཉིས་ནི་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་ཚན་རྩལ་མཉམ་ལས་གྲོས་མཐུན་མུ་མཐུད་འགོད་པར་གྲོས་མོལ་བྱེད་རྒྱུ་གོ་སྐབས་སུ་བརྩིས་ནས། ཟས་རིགས་བདེ་འཇགས་དང་། ནུས་ཁུངས་བདེ་འཇགས། ནམ་ཟླའི་འགྱུར་ལྡོག་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་ཆུ་ཚད་མཐོ་བའི་ཚན་ཞིབ་མཉམ་ལས་སྤེལ་དགོས། གསུམ་ནི་ཕྱོགས་གཉིས་ཀྱི་མི་སྣའི་འགྲོ་འོང་དང་ལྷག་པར་ན་གཞོན་བར་གྱི་བརྗེ་རེས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་ཏུ་ན་གཞོན་རྣམས་ཀྱིས་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་བྱེད་པར་སྐུལ་འདེད་གཏོང་དགོས།

པེ་ཅིང་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཟུར་པ་མིན་ཝེ་ཧྥང་གིས་གཙོ་དོན་གཏམ་བཤད་ཁྲོད་རྒྱལ་སྤྱིའི་སློབ་གསོའི་བརྗེ་རེས་དང་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། འཛམ་གླིང་ཧྲིལ་བོའི་སློབ་གསོའི་བྱ་བ་སྒྲུབ་མཁན་དང་རྒྱ་ཆེའི་མི་དམངས་བར་མཛའ་བརྩེ་ཆགས་པར་བྱེད་པ་དང་རྒྱུས་ལོན་བྱེད་ཚད་ཤུགས་དྲག་ཏུ་བཏང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་ལས་མང་བའི་འཆམ་མཐུན་གྱི་སྣང་ཚུལ་བསྐྲུན་ཏེ་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

                                                                                   རིག་འཛིན་སྒྲོལ་མས་བསྒྱུར།