ཕ་ལེ་སི་ཐན་གྱི་ཙུང་ཐུང་གིས་ཨ་མེ་རི་ཁ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་འཁྲུག་མཚམས་འཇོག་པའི་ཆོད་དོན་འཆར་ཟིན་ལ་འཐད་པ་མ་བྱུང་བར་རྒོལ་གཏམ་བཏང་།
2023.12.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 88

ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་ཚེས་དགུ་ཉིན་གསལ་བསྒྲགས་སྤེལ་ཏེ། ཨ་མེ་རི་ཁས་ཟློག་དབང་བཀོལ་ནས། མཉམ་འབྲེལ་ལྷན་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་འཁྲུག་མཚམས་འཇོག་པའི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་འབྱུང་བར་བཀག་འགོག་བྱས་པར་རྒོལ་གཏམ་བཏང་།

ཨ་པ་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་ལངས་ཕྱོགས་ནི་བཙན་འཛུལ་རང་བཞིན་དང་ཀུན་སྤྱོད་དང་མི་མཐུན་པས། འཛེམ་མེད་སྒོས་མི་ཆོས་རིང་ལུགས་ཀྱི་རིན་ཐང་ལྟ་བ་དང་རྩ་དོན་ལ་རྒྱབ་འགལ་བྱས་པ་རེད་ཟེར།

ཨ་པ་སི་ཡིས་བལྟས་ན། ཨ་མེ་རི་ཁས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་བྱིས་པ་དང་བུད་མེད། ལོ་ལོན་རྒན་པ་བཅས་ཤི་རྨས་བཏང་བར་འགན་ཁུར་དུ་དགོས་པར་འདོད་ལ། ཁོས་ཉེན་བརྡའི་ཚུལ་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་ཇུས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་བཟོས་པ་རེད་ཟེར།

ཨ་པ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་དག་ལ་བཀའ་དྲིན་ཞུས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་པའི་ཐག་གཅོད་ཇུས་གཞི་ཞིག་འདོན་རྒྱུའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སྤྲད་པའི་རྒྱལ་ཁབ་བརྒྱ་ལྷག་གི་རྒྱབ་སྐྱོར་ཐོབ་པའི་ཅ་ཧྲ་ས་ཁུལ་དུ་མྱུར་མོར་མི་ཆོས་རིང་ལུགས་མངོན་འགྱུར་བྱས་ནས་དམག་འཁྲུག་མཚམས་འཇོག་པའི་ཆོད་དོན་འཆར་ཟིན་ལ་བརྡས་ཐག་བཅད་པར། འདེམ་ཤོག་བཅུ་གསུམ་འཐད་པ་བྱུང་བ་དང་ཨ་མེ་རི་ཁས་ངོ་རྒོལ་འདེམ་ཤོག་འཕངས་ལ། དབྱིན་ཇིས་འདེམ་ཤོག་དབང་ཆ་བསྐྱུར་བ་རེད། རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཨ་མེ་རི་ཁ་འཐད་པ་མ་བྱུང་བའི་དབང་གིས་འཆར་ཟིན་ལ་གྲོས་འཆམ་འབྱུང་མ་ཐུབ་པས། རྒྱལ་ཁབ་མང་པོས་དོན་དེར་ཡིད་ཕངས་པའི་ཚུལ་བསྟན།

                                                                                                         རིག་འཛིན་སྒྲོལ་མས་བསྒྱུར།